ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཟུར་ཞུགས་འཐུས་མི་དང་བཞུགས་མོལ་གནང་།
2023.12.27 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 69

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལསཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས27ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པར་ཟུར་ཞུགས་བྱས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་བཞུགས་མོལ་བརྗེ་རེས་མཛད། ཁོང་གིས་དམངས་ཆེན་འཐུས་མིས་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་པ་དང་ཁྲིམས་ལས་གཏན་འཁེལ་བྱས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་སྟེ་ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་འབྲེལ་ཟམ་ཡག་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།

བཞུགས་མོལ་ཚོགས་འདུའི་སྟེང་འཐུས་མི་ཚོས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་འཆར་ཟིན་ལ་དམིགས་ནས་བསམ་འཆར་དང་གྲོས་གཞི་བཏོན།  ཀྲའོ་ལི་ཅི་ཡིས་ནན་ཏན་གྱིས་ཉན་ནས་ཚང་མ་དང་མཉམ་དུ་བསམ་ཚུལ་བརྗེ་རེས་མཛད། ཁོང་གིས་གསུངས་རྒྱུར། འདས་ཟིན་པའི་ལོ་གཅིག་ནི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ལོ་དང་པོ་ཡིན།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་རྟོགས་ངང་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ། དམངས་ཆེན་བྱ་བའི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དམ་འཛིན་ནན་མོ་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྲིམས་ལྟར་རང་འགན་གཙང་སྒྲུབ་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ། བརྟན་ཐོག་ཡར་འཕེལ་ཡོང་བ་བྱས་ནས་དམངས་ཆེན་གྱི་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི། ཕྱི་ཕྱོགས་འགྲོ་འོང་། རང་ངོས་འཛུགས་སྐྱོང་སོགས་ཕྱོགས་སོ་སོའི་བྱ་བར་འཕེལ་རྒྱས་གསར་པ་བྱུང་ནས་འགོ་ཡག་པོ་ཞིག་བཙུགས་ཡོད།

ཀྲའོ་ལི་ཅི་ཡིས་བསྟན་དོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་སྒྲུབ་པར་འཐུས་མི་ཚོའི་རྒྱབ་སྐྱོར་དང་ཟབ་ཞུགས་དང་ཁ་འབྲལ་ཐབས་མེད། ཁྲིམས་འཛུགས་རྣམ་གྲངས་བསྡུ་རུབ་དང་། བརྟག་དཔྱད་ཞིབ་འཇུག་གི་འཆར་ཟིན་བཀོད་པ་ནས་གྲོས་ཞིབ་བཟོ་བཅོས། རིགས་པས་སྒྲུབ་པ་བཅས་ཀྱི་ཁྲོད་དུ་འཐུས་མི་མང་པོ་ཧུར་ཐག་གིས་ཞུགས་ནས་ཁྲིམས་བཟོའི་སྤུས་ཚད་མཐོ་རུ་གཏོང་ཆེད་བློ་གྲོས་ཕུལ་ཡོད། ལོ་གཅིག་གི་རིང་ལ། འཐུས་མི་མི་ཐེངས270ལྷག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཟུར་ཞུགས་བྱས་པ་དང་འཐུས་མི་མི་ཐེངས50ལྷག་ཁྲིམས་འཛིན་ཞིབ་བཤེར་ནང་ཞུགས་ནས་མང་ཚོགས་དང་འབྲེལ་གཏུག་བྱེད་པ་དང་། དམངས་ཀྱི་འདོད་བློ་དང་མཐུན་པ། སྤྱོད་ཐུབ་པ། གོ་ཆོད་པ་བཅས་ཀྱི་བསམ་འཆར་དང་གྲོས་འགོ་མི་ཉུང་བ་ཞིག་བཏོན་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ། འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་དེ་གོ་སྐབས་སུ་བཟུང་བ་དང་། “འབྲེལ་གཏུག་གཉིས”ལ་ཤུགས་སྣོན་རྒྱུ་དེ་དམ་འཛིན་བྱེད་སར་བྱས་ཏེ། འཐུས་མིའི་བྱ་བ་ཟབ་སྤེལ་དང་རྒྱ་སྐྱེད་དུ་བཏང་བ་དང་། འཐུས་མིའི་བྱ་བ་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བར་ཤུགས་བསྣན་ཡོད་ལ། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ཡོད།

ལིས་ཧུང་ཀྲུང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས།

ཤ་བོ་གསེར་མཚོས་བསྒྱུར།