ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་དཔེ་མཚོན་གྱོད་གཞི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བཀོད་གཏོང་གྲོས་ཚོགས་ཟི་ལིང་དུ་བསྡུས།
2023.12.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་དཔེ་མཚོན་གྱོད་གཞི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བཀོད་གཏོང་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱས་པ་དང་། རྣམ་འགྱུར་གསལ་བོ་དང་ཆོད་སེམས་བརྟན་པོས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་དག་ཐེར་ལེགས་བཅོས་རེ་བ་དོན་འཁྱོལ་ནན་མོ་བྱས་ལ། སྟོབས་ཤུགས་ཡོད་རྒུས་དཔེ་མཚོན་གྱོད་གཞིའི་གནད་དོན་དག་ཐེར་ལེགས་བཅོས་བྱ་བ་བཟང་བོར་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཧ་ཅང་མཐོང་ཆེན་བྱེད་པ་དང་། རྒྱལ་དོན་གལ་ཆེན་དང་གཡོལ་ཐབས་མེད་པའི་འགན་འཁྲི་གལ་ཆེན། ནོར་འཁྲུལ་ཅུང་ཙམ་ཡང་འབྱུང་མི་རུང་བ་བཅས་ལ་བརྟེན་ནས་ང་ཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་མངགས་བཅོལ་བྱས། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་སྲུང་སྐྱོབ་གཉིས་བཟང་བོར་སྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས། གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་གནད་དོན་ལ་བསམ་གཞིགས་གཏོང་བ་དང་། དམ་འཛིན་ལྷོད་མེད་བྱེད་པ། དུས་ཚོད་གོ་རིམ་དང་རེ་བ་ལྟར་དག་ཐེར་ལེགས་བཅོས་ཀྱི་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱས་ཏེ། སྟོང་ཆ་མི་འཇོག་པ་དང་མི་མཐོང་ས་མེད་པ། ལྷག་འཕྲོ་མེད་པར་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་གནད་དོན་ལ་ཆབ་སྲིད་སྟེང་ནས་བལྟ་བ་དང་ཆབ་སྲིད་སྟེང་ནས་སྒྲུབ་པ། ཆབ་སྲིད་སྟེང་ནས་བསྒྱུར་བ་དང་། ངེས་པར་དུ་ཆབ་སྲིད་ཀྱི་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ངེས་པར་དུ་ལས་འགན་གྱི་དཀའ་ཚེགས་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་པ། ངེས་པར་དུ་དག་ཐེར་ལེགས་བཅོས་ཀྱི་སྤུས་ཚད་མཐོན་པོར་ཁག་ཐེག་བྱེད་དགོས། འགན་འཁྲིའི་ཕྲེང་འབྲེལ་གཏན་ཁེལ་གསལ་བོ་བྱེད་པ་དང་། དུས་ཐོག་ཏུ་དག་ཐེར་བྱ་བར་ཞིབ་འཇུག་བྱེད་པ་དང་དུས་ཐོག་ཏུ་དག་ཐེར་གནད་དོན་ཐག་གཅོད་པ། མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་པ། མཉམ་འཛིན་མཉམ་བཅོས་དང་མཉམ་ལས་མཁྲེགས་གཏོར་བྱས་ནས། ཚད་ཆེས་ཆེ་བའི་སྒོ་ནས་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས། དག་ཐེར་ལེགས་བཅོས་ཀྱི་ཇུས་གཞི་ཇེ་ཞིབ་ཏུ་གཏོང་བ་དང་ལེགས་སྒྱུར་བྱེད་པ་དང་། འབྲེལ་ཡོད་གནད་དོན་ཐད་ནས་རེ་རེ་བཞིན་དག་ཐེར་ལས་འགན་བགོ་བཤའ་བྱེད་པ། རེ་རེ་བཞིན་དག་ཐེར་ལེགས་བཅོས་ཀྱི་འགན་འཁྲི་དང་དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས། དག་ཐེར་ལེགས་བཅོས་ཀྱི་དུས་བཀག་གཏན་ཁེལ་གསལ་བོ་བྱས་ནས། ཚད་ལོངས་པའི་བཅོས་སྐྱོང་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་དགོས། གནད་དོན་དག་ཐེར་ལེགས་བཅོས་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། གནད་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་བྱེད་པ་དང་གཅིག་ཤེས་ཀུན་གྲོལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། མྱུར་དུ་དག་ཐེར་ལེགས་བཅོས་བྱེད་པ་དང་ཡུན་རིང་བོར་འཛུགས་པ་གཉིས་ཟུང་འབྲེལ་བྱེད་པ། དུས་བཀག་ལྟར་བཀོད་གཏོང་བྱེད་པ་དང་དུས་བཀག་ལྟར་དབྱེ་ཞིབ་བྱེད་པ། ལྐོག་ཞིབ་ལྟ་སྐུལ་དང་བབ་བསྟུན་འཐེན་ཞིབ་སོགས་ཀྱི་རྣམ་པ་བརྒྱུད་དེ་རྗེས་མཐུད་ཀྱི་དག་ཐེར་ལེགས་བཅོས་བྱ་བའི་སྤུས་ཚད་དང་ཕན་འབྲས་ལ་ཤུགས་སྣོན་དགོས། རྒྱུན་མཐུད་ངང་འགན་འཁྲི་རྩད་གཅོད་བྱེད་པ་དང་། རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་འཐབ་རྩོད་བྱེད་ཕོད་པར་བྱེད་པ། ཏང་སྲིད་འགན་གཅིག་དང་ལས་གཅིག་འགན་གཉིས་ལག་བསྟར་ནན་མོ་བྱེད་པ། ལས་རིགས་སྡེ་ཁག་གི་ལྟ་སྐུལ་འགན་འཁྲི་ཕྲག་ཏུ་བླངས་ནས། འགན་འཁྲི་རྩད་གཅོད་དང་དག་ཐེར་ལེགས་བཅོས་གཉིས་བར་ཕན་ཚུན་སྐུལ་འདེད་གཏོང་དགོས། སྙན་ཞུ་སྦྲེལ་མཐུད་བྱེད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལ་སྙན་ཞུ་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་པ། མཛུབ་སྟོན་དང་རོགས་རམ་བརྩོན་ལེན་བྱེད་པ། རྒྱུན་མཐུད་ངང་ཤུགས་བཏོན་ནས་དག་ཐེར་ལེགས་བཅོས་དམ་འཛིན་བྱས་ཏེ། ཏང་ཀྲུང་དབྱང་ལ་ཚད་དང་ལྡན་པའི་རྒྱུགས་ལན་སྤྲོད་དགོས།

ཚོགས་ཐོག་ཏུ། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་ནགས་རྩྭ་ཅུའུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་དག་ཐེར་ལེགས་བཅོས་བྱ་བ་སྤེལ་བའི་གནས་ཚུལ་ཡར་ཞུ་བྱས། ཚོགས་ཐོག་ནས་ད་དུང་ཉེ་དུས་ཀྱི་རང་ཞིང་གི་ཡོམ་འགོག་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དང་འབྲེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས།

གྲོས་ཚོགས་དེ་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཚེ་རིང་ཐར། ཀྲུའུ་ཞང་ཧྥིན། ལོའུ་ཀང་། ལིའུ་ཐའོ། ལིའུ་ཁྲའོ་བཅས་སོ་སོར་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་ནས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།