ཝང་ཧུའུ་ཉིང་གིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
2023.12.28 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 19

སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཚེས་ཉེར་བདུན་ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མགོ་འཛིན་མཛད་དེ་གསུང་བཤད་གནང་། གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་སྔོན་གྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས། ཝང་ཧུའུ་ཉིང་གིས་བསྟན་དོན། ཆབ་སྲིད་ལངས་གནས་མཐོར་འདེགས་བྱས་ཤིང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་ནས། རྒྱལ་ཡོངས་སྲིད་གྲོས་བྱ་བའི་དོན་དངོས་དང་ཟུང་འབྲེལ་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབས་གང་ལེགས་བྱེད་དགོས། སྲིད་གྲོས་ཨུ་ཡོན་གྱིས་ཟོལ་མེད་སྒོས་བསམ་སྦྱོར་གཉིས་ཀྲུང་གུང་ཀྲུང་དབྱང་གི་དཔལ་འབྱོར་འཕེལ་རྒྱས་གནས་བབ་ཐད་ཀྱི་ཚན་རིག་གི་བརྡར་གཅོད་དང་སང་ལོའི་དཔལ་འབྱོར་བྱ་བའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། ཉིས་སྟོང་ཉེར་བཞི་ལོའི་དཔལ་འབྱོར་བྱ་བ་བཟང་བོར་སྒྲུབ་པ་དང་རང་རྒྱལ་གྱི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས་སེམས་ཤུགས་འདོན་དགོས། ཞིང་གསུམ་བྱ་བ་བཟང་བོར་སྒྲུབ་པར་རོགས་འདེགས་བྱས་ཏེ། ཞིང་ལས་ལ་རྒྱབ་སྐྱོར་དང་ཞིང་ལས་ལ་རོགས་འདེགས། ཞིང་བ་ཕྱུག་པོར་གཏོང་བ། ཞིང་བར་ཕན་འདོགས་པ་བཅས་ལ་དམིགས་ནས་དམངས་དོན་དུ་ཞབས་འདེགས་ཞུ་བའི་འགན་བསྟར་བྱ་འགུལ་སྤེལ་དགོས། སྲིད་གྲོས་ཨུ་ཡོན་རྩ་འཛུགས་བྱས་ནས་གཏིང་ཟབ་ཏུ་རྟོག་དཔྱོད་ཞིབ་འཇུག་བྱས་ཤིང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཆེད་དུ་སེམས་ཤུགས་གཅིག་ཏུ་སྒྲིལ་དགོས། སྲིད་གྲོས་ཀྱི་སྟེགས་བུ་བེད་སྤྱད་དེ་བསམ་བློའི་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བྱས་ནས། དོགས་གཞི་ཐག་གཅོད་པ་དང་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། ཐུན་མོང་ངོས་འཛིན་གཅིག་བསྡུས་བྱེད་པའི་བྱ་བ་མང་དུ་བསྒྲུབ་དགོས། སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་སྲིད་གྲོས་ཀྱི་བྱ་བ་སྣ་ཚོགས་སྔར་ལས་བཟང་བོར་བསྒྲུབ་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་བསྡུ་བའི་འབྲེལ་ཡོད་ནང་དོན་ལ་ཞིབ་འཇུག་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་འཆར་ཟིན་དང་ཉིན་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཉིས་སྟོང་ཉེར་བཞི་ལོའི་བྱ་བའི་གཙོ་གནད་དང་གྲོས་མོལ་འཆར་གཞི། ཆེད་མཁས་པའི་གྲོས་མོལ་ཚོགས་འདུ་བསྡུ་བར་རྩ་འཛུགས་བྱེད་པའི་བྱ་བའི་འཆར་གཞི། རྟོག་དཔྱོད་ཞིབ་འཇུག་གི་འཆར་གཞི་བཅས་ལ་རྩ་བའི་ཐོག་ནས་གྲོས་འཆམ་བྱུང་། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སློབ་སྦྱོང་འཆད་ཁྲིད་ཀྱི་ཉིས་སྟོང་ཉེར་བཞི་ལོའི་དཔྱད་གཞིའི་གདམ་གསེས་དང་ཀྲུའུ་ཞིའི་གྲོས་ཚོགས་ཀྱི་ཉིས་སྟོང་ཉེར་བཞི་ལོའི་སློབ་སྦྱོང་འཆར་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཉིས་སྟོང་ཉེར་གསུམ་ལོའི་བྱ་བའི་སྤྱི་བསྡོམས་དང་ཉིས་སྟོང་ཉེར་བཞི་ལོའི་བྱ་བའི་གཙོ་གནད་ལ་ཡིག་ཐོག་ནས་གྲོས་ཞིབ་བྱས། གྲོས་ཚོགས་ནས་གོང་གི་འཆར་ཟིན་དང་བྱ་བའི་སྤྱི་བསྡོམས་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད།

གྲོས་ཚོགས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཅེ་དབྱི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གསར་འགྱུར་མགྲིན་ཚབ་པར་གཏན་འཁེལ་བྱས།

གྲོས་ཚོགས་ནས་ཝུའུ་ཡན་ཧྲིང་དང་ལིའུ་ཧྲི་ཆོན། ཝང་ཁྲང་ཆིན་བཅས་ཀྱི་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ཐོབ་ཐང་མེད་པར་གཏོང་བའི་སྐོར་གྱི་ཆོད་དོན་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པར་ངོས་འཛིན་བྱེད་དུ་སྤྲོད་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞན་ཧོས་དང་། ཝང་ཏུང་ཧྥུན། ཀྲུའུ་ཡུང་ཞིན། དབྱང་ཀྲིན་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་སྔོན་གྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་གཏམ་བཤད་སྤེལ།


བསོད་ནམས་ཚེ་རིང་གིས་བསྒྱུར།