ཝུའུ་ཞའོ་ཅུན་གྱིས་མེན་ཧོ་རྫོང་ནས་ཡོམ་འགོག་རྒུད་སྐྱོབ་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།
2023.12.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ12པའི་ཚེས28ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་མེན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ནས་ཡོམ་འགོག་རྒུད་སྐྱོབ་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་གནང་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཙུང་ལི་ལིས་ཆང་གིས་ཡུལ་དངོས་ནས་ཡོམ་འགོག་རྒུད་སྐྱོབ་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱས་པའི་མཛུབ་སྟོན་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དང་། བྱ་བའི་འགན་འཁྲི་སྔར་ལས་ཇེ་གསལ་དུ་གཏོང་བ་དང་། མ་ལག་ཇུས་འགོད་ལ་ཤུགས་སྣོན་པ། ཡང་འབད་བསྐྱར་འབད་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། མང་ཚོགས་བདེ་འགོད་དང་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཀྱི་བྱ་བར་ནུས་པ་ལྡན་པ་དང་། གོ་རིམ་ཡོད་པ། ལས་ཆོད་ཆེ་བ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་དགོས།

ཝུའུ་ཞའོ་ཅུན་སྔ་རྗེས་སུ་ཀྲུང་ཁྲོན་ཡུལ་ཚོ་ཆིན་ཨར་སྡེ་བ་དང་། ཅིན་ཐེན་སྡེ་བ། མེ་ཨར་སྡེ་བ་དང་ཀོན་ཐིན་གྲོང་རྡལ་ལ་ཅ་སྡེ་བ། ཀོན་ཐིན་ཧོར་རིགས་སློབ་འབྲིང་བཅས་སུ་སོང་སྟེ། ཡུལ་དངོས་ནས་འཚོལ་སྐྱོབ་དང་མང་ཚོགས་བདེ་འགོད། སྨན་བཅོས་ཞབས་ཞུ། སློབ་ཁྲིད་སླར་གསོ། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཀྱི་གནས་འདེམ་པ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་དང་། སྟབས་བདེ་ཁང་པའི་བདེ་འགོད་ས་ཚུགས་སུ་སོང་ནས་གནོད་ཐེབས་མང་ཚོགས་ལ་ཁམས་འདྲི་བྱས་ནས་དཀའ་ཁག་དང་གནད་དོན་ཅི་ཡོད་དྲིས་ཤིང་། ཚང་མར་ཡིད་ཆེས་ཆེར་སྐྱེད་དང་སེམས་ཤུགས་གཅིག་སྒྲིལ། དཀའ་གནད་མཉམ་སྒྲོལ་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་བཤད་རྒྱུར། མཐུན་སྦྱོར་གཅིག་འདོམས་ལ་ཤུགས་སྣོན་པ་དང་། ནུས་ཤུགས་ཡོད་རྒུས་འབྲེལ་ལམ་ཆད་པའི་མི་སྣ་འཚོལ་སྐྱོབ། ཞིབ་ཚགས་ཀྱི་སྒོ་ནས་གནོད་ཐེབས་མང་ཚོགས་ཀྱིས་དྲོད་ཁོལ་ལྡན་པའི་དགུན་ཁ་སྐྱེལ་བའི་བདེ་འགོད་བྱ་བ་ལེགས་པོར་སྒྲུབ་པ་དང་།ཐབས་ཇུས་ཡོད་རྒུས་བདེ་འགོད་ཆ་རྐྱེན་ལེགས་སྒྱུར་བྱེད་པ། བདེ་འཇགས་སྐོར་སྐྱོད་དང་ཟས་རིགས་བདེ་འཇགས། མེ་འགོག་སྐོར་ཞིབ། ཁོར་ཡུག་ལེགས་བཅོས་སོགས་ཀྱི་བྱ་བ་སོ་སོ་ལེགས་པོར་སྒྲུབ་ནས། རྡོག་རྩ་གཅིག་སྒྲིལ་གྱིས་བདེ་འཇགས་བློ་བདེ་དང་དག་གཙང་རིམ་ལྡན་གྱི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་དགོས། དངོས་ཐོག་བདེན་འཚོལ་གྱིས་གནོད་འཚེའི་གྱོང་གུད་ལ་དཔྱད་འཇོག་ཡང་དག་བྱེད་པ་དང་། འབྲེལ་མཐུད་སྙན་ཞུར་ཤུགས་སྣོན་པ། རྣམ་གྲངས་འདེགས་སྐྱོར་དང་། སྲིད་ཇུས་སྦྲེལ་མཐུད། མ་དངུལ་འགན་སྲུང་སོགས་ཀྱི་བྱ་བ་ཏན་ཏིག་གིས་སྒྲུབ་དགོས། ཕྱོགས་ཡོངས་ནས་སློབ་གྲྭ་དང་སྨན་ཁང་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་ཞིག་གསོ་སྲ་བརྟན་གཏོང་བར་སྐུལ་འདེད་དང་། ཉེན་ཁའི་རྐྱེན་ངན་སེལ་ནས་རྒྱུན་ལྡན་འཚོ་བའི་སྒྲིག་སྲོལ་མགྱོགས་མྱུར་སྒོས་སླར་གསོ་བྱེད་དགོས། ས་ཆ་གཞན་དུ་ཁག་བགོ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སློབ་མའི་སློབ་ཁྲིད་ཕྱོགས་ཡོངས་ནས་སླར་གསོ་ལ་ཁག་ཐེག་དང་། བདེ་འཇགས་འཕྲལ་བསྟུན་འཁྲབ་སྦྱོང་དང་སེམས་ཁམས་བདེ་ཐང་ལ་ལམ་སྟོན་ཡག་པོ་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། མི་གཙོ་བོར་འཛིན་པ་དང་། ཚན་རིག་འཆར་འགོད། གཅིག་གྱུར་བཀོད་འདོམས། རིམ་དབྱེ་ལག་བསྟར་གྱི་རྩ་དོན་རྒྱུན་འཁྱོངས་དང་། མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་པ། ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཀྱི་སྤྱིའི་འཆར་འགོད་ཡག་པོར་བཟོ་དགོས། རྒྱལ་ཁབ་ཀྱི་ཚད་གཞི་དང་བླང་བྱ་ལྟར། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཀྱི་ས་གཤིས་རྩད་ཞིབ་དང་ས་གཤིས་གནོད་འཚེར་དཔྱད་འཇོག་ལེགས་པོ་བྱེད་པ། ཇུས་གཞི་ལེགས་པོ་འདེམ་པ་དང་ལེགས་སྒྱུར་བྱེད་པ། གནས་འདེམ་འཆར་འགོད་ལུགས་མཐུན་བཟོ་བ། ཐོན་ཁུངས་བཀོད་སྒྲིག་ལ་ཤུགས་སྣོན། ཉེན་ཁའི་རྐྱེན་ངན་སྔོན་འགོག་བྱས་ནས། བར་བརྒལ་བདེ་འགོད་ལས་འགན་དུས་ལྟར་འགྲུབ་པར་འགན་ལེན་བྱེད་དགོས། གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་དང་། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དང་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་གཉིས་ཟུང་འབྲེལ་དམ་ཟབ་བྱེད་པ་གཙོ་བོར་བཟུང་སྟེ། གནོད་ཐེབས་མང་ཚོགས་ལ་རོགས་བྱས་ནས་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། གནོད་འཚེ་ཐེབས་པ་ལས་ཕྱིར་དབུལ་བོར་འགྱུར་བར་སྔོན་འགོག་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་པ་དང་། དུས་ཐོག་ཏུ་གནོད་ཐེབས་མང་ཚོགས་ཀྱི་དཀའ་ཁག་དང་རེ་འདུན་ལ་རྒྱུས་ལོན་བྱེད་པ། དངོས་ཡོད་གནད་དོན་ཐག་གཅོད་རོགས་བྱེད་པ། ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་ནས་ཁྱིམ་གཞིས་བསྐྱར་འཛུགས་བྱེད་དགོས།

དབྱང་ཧྥ་སིན་དང་། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། ཧི་ལུའུ་ཁྲུན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།

ལྷ་མོ་འཚོས་བསྒྱུར།