ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2023.12.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ12པའི་ཚེས28ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་སྙན་ཞུ་ལ་ཉན་ཞིང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་གྲོས་ཚོགས་གཉིས་ཀྱི་གྲ་སྒྲིག་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱིས་གནས་བབ་གསར་བའི་འོག་ཏང་ཡོངས་ཀྱིས་བསམ་བློ་གཅིག་གྱུར་བྱེད་པ་དང་ཆབ་སྲིད་ཀྱི་ཚོར་བ་ཇེ་དྲག་ཏུ་གཏོང་བ། ཆབ་སྲིད་ཀྱི་ཡང་དག་པའི་གྲུབ་འབྲས་ལྟ་བ་ཇེ་བརྟན་དུ་གཏོང་བ། རང་ངོས་གསར་བརྗེ་བྱེད་ཕོད་པ་སོགས་ཀྱི་དཔྱད་གཞི་གལ་ཆེན་ལ་འགྲེལ་བཤད་གསལ་བོ་བྱས་པ་དང་རེ་བ་གསལ་བོ་བཏོན་ལ། དེས་ཏང་ཡོངས་ཀྱི་བློ་མཐུན་གྱི་རེ་བ་ནན་མོ་དང་རེ་སྒུག་མཚོན་ཡོད། དགོངས་དོན་གྱི་ངོ་བོ་དང་གོ་དོན་ཕུན་སུམ་ཚོགས་པར་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་པ་དང་།  གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱེད་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། བརྗོད་དོན་སློབ་གསོ་ལས་བྱུང་བའི་ལས་གཉེར་ལས་སྐྲུན་གྱི་བརྩེ་སེམས་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་དགོས། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཆབ་སྲིད་ཀྱི་གྲུབ་འབྲས་ལྟ་བ་ཇེ་བརྟན་དུ་བཏང་སྟེ། མང་ཚོགས་ཡིད་ཚིམ་མིན་དེ་བྱ་བའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་པའི་ཐད་ཀར་གྱི་ཚད་གཞི་རུ་བརྩི་དགོས། ཏང་ལ་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་བྱེད་པ་དང་། དམངས་གཙོ་གཅིག་བསྡུས་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། དགོངས་གཞི་ནན་མོས་སྤྱོད་བསྲང་སྒྲིག་གཅུན་དང་རུལ་སུངས་ལ་ངོ་རྒོལ་གཏིང་ཟབ་མོ་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་དེ་ཚད་གཞི་རུ་བྱེད་པ་དང་། གོ་རིམ་ལྡན་པའི་སྒོ་ནས་སྐོར་ཐེངས་གཉིས་པའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་དང་རྩ་འཛུགས་འཚོ་བའི་གྲོས་ཚོགས་བསྡུ་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་མའོ་ཙེ་ཏུང་སྐུ་བལྟམས་ནས་ལོ་བརྒྱ་དང་སུམ་ཅུ་འཁོར་བར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས། བློ་མཐུན་མའོ་ཙེ་ཏུང་གིས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་ལ་དབུ་ཁྲིད་གནང་བའི་རླབས་ཆེན་ལག་ལེན་ལ་ཕྱིར་དྲན་བྱས་པ་དང་། བློ་མཐུན་མའོ་ཙེ་ཏུང་གིས་ཀྲུང་ཧྭ་མི་རིགས་དང་ཀྲུང་གོའི་མི་དམངས་ལ་བཞག་པའི་མཛད་རྗེས་ཆེན་མོར་གདེང་འཇོག་མཐོན་པོ་བྱས་ལ། བློ་མཐུན་མའོ་ཙེ་ཏུང་གི་བླ་མེད་སྙིང་སྟོབས་ནི་ང་ཚོ་མུ་མཐུད་མདུན་སྐྱོད་བྱེད་པར་སྐུལ་སློང་བྱེད་པའི་སྒུལ་ཤུགས་ཆེན་པོ་ཡིན་པ་ནན་གྱིས་བསྟན་པ་དང་། བྱ་སྤྱོད་དངོས་ཀྱི་སྟེང་ནས་བློ་མཐུན་མའོ་ཙེ་ཏུང་ལ་རྗེས་དྲན་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ནས་རེ་བ་གསལ་བོ་བཏོན། རྒྱུན་འཛིན་ནི་རྗེས་དྲན་ཆེས་བཟང་བོ་ཡིན་པ་དང་། འཕེལ་རྒྱས་ནི་རྒྱུན་འཛིན་ཆེས་བཟང་བོ་ཡིན། ཞིང་ཆེན་གོང་འོག་ཡོངས་ཀྱིས་རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། བློ་མཐུན་མའོ་ཙེ་ཏུང་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་བླ་མེད་ཀྱི་དད་གུས་དེ་བྱ་བ་བཟང་བོར་སྒྲུབ་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས། གསར་བརྗེ་སྔོན་རབས་པས་གསར་སྐྲུན་བྱས་པའི་ལས་དོན་དེ་རྒྱུན་མ་ཆད་པར་གོང་འཕེལ་དུ་གཏོང་དགོས། གུང་ཁྲན་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་འདུན་ཡིད་རྟོན་ནམ་ཡང་ཇེ་བརྟན་དུ་གཏོང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་ཤུགས་བསྣན་ནས། ཐོས་བསམ་སྤྱོད་རྟོགས་ཀྱི་ཁྲོད་དུ་དགོངས་པའི་སྟོབས་ཤུགས་ལ་གོ་བ་ཟབ་མོ་ལེན་པ་དང་། ལོ་རྒྱུས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཆེས་ཆེ་བའི་ཆབ་སྲིད་དུ་བརྩི་བ་དང་། མཐོ་ས་གསར་སྐྲུན་བྱེད་པ་དང་གནས་བཞི་འཛུགས་སྐྲུན་བྱེད་པ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ་དང་། སེམས་ཤུགས་ཆེན་པོས་མང་ཚོགས་ཀྱི་བྱ་བ་བཟང་བོར་སྒྲུབ་སྟེ། སྟོབས་ཤུགས་ཡོད་རྒུས་ས་ཡོམ་གནོད་ཐེབས་ས་ཁུལ་གྱི་གནས་སྐབས་ཀྱི་བཀོད་སྒྲིག་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་བཟང་བོར་སྒྲུབ་དགོས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྲོལ་ངན་བཞི་ཡོ་བསྲང་བྱས་ནས། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་བཟང་བོ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་རུ་གཟིགས་ཞིབ་མཛད་སྐབས་བཏོན་པའི་བླང་བྱ་གལ་ཆེན་རབ་དང་རིམ་པ་དེ་མཚོ་སྔོན་གྱི་བྱ་བ་བཟང་བོར་སྒྲུབ་པའི་ཐད་དོན་སྙིང་གལ་ཆེན་ལྡན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་པ་དང་། འབུར་ཐོན་གནད་དོན་དང་ཉམས་ཞན་དུས་རིམ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པའི་རྨང་གཞིའི་སྟེང་། ཐོན་ལས་འཕེལ་རྒྱས་དེ་སྔར་ལས་ཚན་རིག་དང་མཐུན་པ་དང་ཚད་ལྡན་ཡིན་པར་་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱིས་གནས་བཞི་འཛུགས་སྐྲུན་ཐད་འདེགས་སྐྱོར་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་རྒྱུ་དེ་བྱ་བ་སྣ་ཚོགས་ཁྲོད་དོན་འཁྱོལ་བྱེད་པ་དང་། གཞི་རིམ་ནས་འགོ་བརྩམ་སྟེ་སྒྲུབ་པ་དང་དམངས་སེམས་ནས་འགོ་བརྩམ་སྟེ་སྒྲུབ་པ། ། སྤྱི་ཚོགས་ཀྱི་སྡེ་ཚན་ཆེས་ཆུང་ངུ་ནས་འགོ་བརྩམས་སྟེ་སྒྲུབ་པ། རང་ཞིང་གི་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་བསྲེས་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་བཅུ་བཟང་བོར་སྤེལ་ནས། མི་རིགས་མཐུན་སྒྲིལ་ཆེན་པོས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་བ་འཛུགས་སྐྲུན་ཁྲོད་ཞུགས་པ་དང་། རང་འགུལ་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཁྲོད་འདྲེས་པར་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲོད་དམའ་ཁངས་ཆར་འཁྱགས་དར་གྱི་གནོད་འཚེ་འགོག་ཟོན་དང་དེར་ཁ་གཏད་འཇལ་བའི་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། བདེ་འཇགས་ཉེན་ཁར་གྲལ་བཤེར་བྱེད་པར་ཤུགས་སྣོན་པ། གོ་མཚོན་སྒྲིག་ཆས་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ། མཁོ་འདོན་འགན་སྲུང་དང་དངོས་གོང་བརྟན་འཇགས་ཡོང་བར་བྱེད་པའི་བྱ་བ་བཟང་བོར་སྒྲུབ་སྟེ། འགོག་ཟོན་དང་ཁ་གཏད་འཇལ་བའི་བྱེད་ཐབས་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་དགོས། དེ་དང་མཉམ་དུ། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་རང་སྟེང་གི་གནས་ཚུལ་དངོས་ལ་རྐང་བཙུགས་ནས། རིམ་པ་མི་འདྲ་བ་དང་ཟུར་ངོས་སོ་སོ་ནས་ཡོམ་འགོག་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་རྒྱབ་སྐྱོར་བྱེད་དགོས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་གསུམ་བྱ་བའི་བསམ་ཕྱོགས་དང་བགྲོད་ལམ་གསལ་བོ་ཡིན་པས། སྔར་ལས་གཙིགས་འཛིན་ཤུགས་སྣོན་དང་ཤུགས་བསྡུ་སྐུལ་འདེད་གཏོང་དགོས། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པ་དང་། རོང་འབྲོག་དམངས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པ་དམ་འཛིན་བྱེད་པ། འབྲུ་རིགས་བདེ་འཇགས་ཕྲག་ཏུ་ལེན་པ། སྐྱེ་ཁམས་གནས་སྐོར་དེ་དམངས་ཕྱུག་ཐོན་ལས་སུ་བརྩིས་ནས། གྲོང་གསེབ་དར་སྤེལ་གྱི་ཤུགས་འདོན་ས་ཡང་དག་པར་འཚོལ་བ་དང་། རོང་འབྲོག་དམངས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པ་དང་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཞན་ཆ་ཁ་གསབ་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བཟང་བོ་བྱས་ཏེ། བྱ་བའི་གྲུབ་འབྲས་བརྩོན་ལེན་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང། གྲོང་གསེབ་དར་སྤེལ་གྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་བྱེད་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་བསྟན་དོན། མཚོ་སྔོན་ནི་ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་འབྱུང་སའི་གྲས་ཀྱི་གཅིག་ཡིན་པ་དང་། རིག་གནས་རྒྱུན་འཛིན་ཕྱོགས་ནས་བྱ་བ་མང་པོ་བསྒྲུབ་རྒྱུ་ཡོད། རང་རྟོགས་སྒོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དེ་སྙིང་སྟོབས་ཀྱི་སྣེ་ཁྲིད་དང་རིན་ཐང་གི་ཁ་ཕྱོགས་སུ་བརྩིས་ནས། རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པའི་ལག་ལེན་དངོས་ཀྱི་ཁྲོད་མངོན་པར་བྱེད་པ་དང་། ཟུང་འབྲེལ་གཉིས་ལ་བརྟེན་ནས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་སྣེ་ཁྲིད་བྱེད་པ། སྲུང་སྐྱོབ་གོ་གནས་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་པ། རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ། རིག་གནས་མིང་བྱང་གསར་སྐྲུན་བྱེད་པ། མཚོ་སྔོན་གྱི་མི་གཞུང་དགོངས་པ་དང་རིག་གནས་ཀྱི་འགུག་ཤུགས། རིག་གནས་ཀྱི་ནང་དོན་སྔར་ལས་སྔོག་འདོན་བྱས་ཏེ། ཀྲུང་ཧྭ་རིག་གནས་ཀྱི་ཁོངས་འཚོལ་བཟོ་སྐྲུན་ཐད་རོགས་འདེགས་བྱེད་པ་དང་། རབ་མཛེས་མཚོ་སྔོན་ལ་སྔར་ལས་གཏིང་ཟབ་པ་དང་རྒྱ་ཆེ་བ། སྔར་ལས་མང་པའི་རིག་གནས་གོ་གནས་བསྩོལ་དགོས།

ཚོགས་ཐོག་ཏུ། ཀྲུང་ཧྭ་མི་རིགས་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་རྒྱུ་དེ་གཙོ་ཐིག་ཏུ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མཚོ་སྔོན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཐད་ནས་རྨང་གཞི་དང་གྲུབ་འབྲས་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས། ཕན་འབྲས་ལྡན་པའི་རྣམ་པར་བརྟེན་ནས་མི་རིགས་སོ་སོ་མཐུན་སྒྲིལ་དམ་ཟབ་བྱེད་པར་སྐུལ་འདེད་གཏོང་དགོས། རིགས་སོ་སོའི་མང་ཚོགས་ཀྱི་འགྲོ་འོང་བརྗེ་རེས་དང་མཉམ་བསྲེས་ལ་ཤུགས་སྣོན་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཐད་ཀྱི་ངོས་འཛིན་ཁས་ལེན་ཇེ་ཟབ་ཏུ་གཏོང་དགོས། ཡོམ་འགོག་རྒུད་སྐྱོབ་ཁྲོད་རིགས་སོ་སོའི་ལས་བྱེད་པས་ཁག་ཁུར་ལས་བཀུར་བྱས་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་མཛའ་མཐུན་རོགས་རེས་བྱས་པས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱིས་མཐུན་སྒྲིལ་གཅིག་གྱུར་དང་མཉམ་དུ་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་གློག་འཕྲིན་དང་དྲ་རྒྱའི་གཡོ་བསླུའི་ཁྲིམས་འགལ་ཉེས་བྱས་ལ་རྡུང་རྡེག་དང་བཅོས་སྐྱོང་བྱེད་པའི་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན། ཚོགས་ཐོག་ནས་བསྟན་དོན། མཐོ་གནོན་དང་རྡུང་རྡེག་ནན་མོ་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་། མྱུལ་ཞིབ་དང་རྡུང་རྡེག་ལ་ཤུགས་བསྣན་ནས། རྡུང་རྡེག་གི་ཕན་ནུས་མཐོར་འདེགས་གཏོང་དགོས། སྔོན་བརྡ་འགོག་ཟོན་གྱི་ནུས་པ་མཐོར་འདེགས་བཏང་སྟེ། རིགས་མི་འདྲ་བའི་གློག་འཕྲིན་དྲ་རྒྱའི་གཡོ་བསླུའི་སྤྱོད་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་དབྱེ་འབྱེད་བྱེད་དགོས། དྲིལ་སྒྲོག་སློབ་གསོ་ལ་ཤུགས་སྣོན་པ་དང་། མང་ཚོགས་ཀྱི་འགོག་ཟོན་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་སྣེ་ཁྲིད་བྱས་ནས། མང་ཚོགས་ཀྱི་གཡོ་བསླུར་འགོག་ཟོན་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས།

ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། དེར་མ་ཟད་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།