ཞིང་ཆེན་ཏང་ཕྱིའི་ཤེས་ལྡན་མི་སྣའི་མཛའ་འབྲེལ་ལྷན་ཚོགས་ཀྱི་ཁོངས་མིའི་གྲོས་ཚོགས་སྐབས་གསུམ་པ་བསྡུས།
2023.12.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ12པའི་ཚེས28ཉིན། ཞིང་ཆེན་ཏང་ཕྱིའི་ཤེས་ལྡན་མི་སྣའི་མཛའ་འབྲེལ་ལྷན་ཚོགས་ཀྱི་ཁོངས་མིའི་གྲོས་ཚོགས་སྐབས་གསུམ་པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུ་ཡིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། སྐབས་གཉིས་པའི་ཞིང་ཆེན་ཏང་ཕྱིའི་ཤེས་ལྡན་མི་སྣའི་མཛའ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཁོང་ཡུང་གིས་བྱ་བའི་སྙན་ཞུ་ཕུལ། ཚོགས་ཆེན་སྟེང་དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོས་བསྐུར་བའི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་བྱས།

གྲོས་ཚོགས་ལས་བསྟན་དོན། ལོ་བདུན་གྱི་རིང་ལ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཕྱིའི་ཤེས་ལྡན་མི་སྣས་སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག དཀྱིལ་སྙིང་ལ་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་རྒྱུན་བསྐྱངས་པར་མ་ཟད།  ནན་ཏན་གྱིས་འགན་སྒྲུབ་མཐའ་འཁྱོལ་དང་། ལས་སྒོ་གསར་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་བཞག་ཡོད།  ལྷག་པར་སྤྱི་ཚོགས་ཞབས་ཞུ་དང་། བློ་འདོན་ཇུས་འབུལ་སོགས་ཕྱོགས་ནས་ཕན་འབྲས་ལྡན་པའི་ལས་དོན་གང་མང་སྤེལ་བ་དང་། དེར་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་ཁས་ལེན་གང་ལེགས་བྱས་ཤིང་། སྤྱི་ཚོགས་ལས་རིགས་ཁག་གིས་བསྔགས་བརྗོད་བྱེད་ཀྱིན་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཤེས་བྱ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་དེ་གོ་གནས་གལ་ཆེན་ཞིག་ཏུ་བཞག་སྟེ། རྒྱ་ཆེའི་ཏང་ཕྱིའི་ཤེས་ལྡན་མི་སྣའི་སྣེ་ཁྲིད་ནས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་གུང་ཁྲན་ཏང་དང་སེམས་ཤུགས་མཉམ་མཐུན་དང་། ཕྱོགས་གཅིག་མཉམ་སྐྱོད། མཐུན་སྒྲིལ་འབད་འཐབ་བཅས་བྱེད་དགོས། དཀྱིལ་སྙིང་བརྟན་སྲུང་དང་ཐུན་མོང་འདུ་ཤེས་བསྐྱེད་པའི་འབྲེལ་བ་ཁོང་དུ་ཆུད་པར་བྱས་ཏེ། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ལ། ཇུས་འབུལ་སྲིད་ཇུས་དང་ཐུན་མོང་འདུ་ཤེས་གཅིག་སྡུད་བྱེད་པར་ཤུགས་མཉམ་འདོན་བྱེད་པའི་རྒྱུན་བསྐྱངས་ནས། མུ་མཐུད་དུ་མཐུན་སྒྲིལ་སྲ་བརྟན་དང་རྒྱ་ཆེ་རུ་གཏོང་དགོས། མགོ་མཇུག་བར་གསུམ་དུ་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དེ་ཞིང་ཆེན་ཏང་ཕྱིའི་ཤེས་ལྡན་མི་སྣའི་མཛའ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། འགན་སྒྲུབ་མཐའ་འཁྱོལ་གྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས། ཞིང་ཆེན་ཏང་ཕྱིའི་ཤེས་ལྡན་མི་སྣའི་མཛའ་འབྲེལ་ལྷན་ཚོགས་ལས་འཛིན་པས་ཐོག་མཐའ་བར་གསུམ་དུ་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་འཛིན་པ་དང་། དགེ་མཚན་ནུས་པ་འདོན་སྤེལ་བྱེད་པ། རང་འགུལ་བྱེད་ཕྱོགས་མངོན་པར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་ཐུན་མོང་འདུ་ཤེས་གཅིག་ཏུ་བསྡུ་བ་དང་། སྟོབས་ཤུགས་གཅིག་སྡུད་བྱེད་དགོས།

གྲོས་ཚོགས་སྟེང་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་བདམས་ཐོན་བྱུང་བ་དང་། ཁོང་ཡུང་སྐབས་གསུམ་པའི་ཞིང་ཆེན་ཏང་ཕྱིའི་ཤེས་ལྡན་མི་སྣའི་མཛའ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས།

                                                                                                                      རིག་འཛིན་སྒྲོལ་མས་བསྒྱུར།