ཉིས་སྟོང་ཉེར་བཞི་ལོའི་ལུགས་གསར་ལོ་སར་གྱི་ཟློས་གར་དགོང་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་སོགས་ཀྱིས་འཁྲབ་སྟོན་ལ་གཟིགས།
2023.12.30 ཁུངས། ཀློག་གྲངས། 20

ཉིས་སྟོང་ཉེར་བཞི་ལོའི་ལུགས་གསར་ལོ་སར་གྱི་ཟློས་གར་དགོང་ཚོགས་ཚེས29ཉིན་གྱི་དགོང་མོ་རྒྱལ་ཁབ་ཟློས་གར་ཁང་དུ་བསྡུས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་བཅས་ཀྱིས་རྒྱལ་སའི་ལས་རིགས་སོ་སོའི་མང་ཚོགས་དང་མཉམ་དུ་འཁྲབ་སྟོན་ལ་གཟིགས་ཏེ། ལོ་གསར་བ་དགའ་བས་བསུས། 

དགོང་མོར་རྒྱལ་ཁབ་ཟློས་གར་ཁང་དུ་གློག་འོད་རྣམ་པར་བཀྲ་ཞིང་དྲོད་སྐྱིད་དང་དགོད་སྒྲས་ཁེངས་ཡོད། ཆུ་ཚོད་བཅུ་དགུ་དང་སྐར་མ་ལྔ་བཅུའི་སྟེང་དུ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དགོང་ཚོགས་ཀྱི་ཡུལ་དངོས་ལ་ཕེབས་ཤིང་། འཁྲབ་སྟོན་ལ་ལྟ་རུ་ཐོན་པའི་སྒྱུ་རྩལ་པ་རྒན་པ་རྣམས་ལ་ཕྱག་འཇུ་གནང་ནས་འཚམས་འདྲི་མཛད། ཚོགས་རའི་མི་ཡོངས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་བྱས། 

ཟློས་གར་མཁན་པོས་སྐྱོད་ལམ་གསར་པར་བསྟོད་གླུ་ཕུལ་ནས་གནམ་ལོ་གསར་བ་དགའ་བས་བསུས། རོལ་དབྱངས་དང་ཟློས་གར་མཉམ་དུ་བསྡེབས་པའི་གླུ་དབྱངས་དཔྱིད་དཔལ་བསུ་ཞེས་པས་དགོང་ཚོགས་དངོས་སུ་མགོ་བརྩམས་ཤིང་། རིག་གནས་ཀྱི་འོད་ཟེར་ཞེས་པའི་ཟློས་གར་ལ་ཚོགས་རའི་མི་ཡོངས་ཀྱི་དགའ་བསུ་ཆེན་པོ་ཐོབ་ལ། དེས་རྒྱ་ཆེའི་ཟློས་གར་བྱ་བ་སྒྲུབ་མཁན་རྣམས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སྣེ་ཁྲིད་དུ་བྱས་ཏེ། རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བློ་སྤོབས་ཆེན་པོ་གླུ་ངག་ལ་དྲངས། སྒྱུ་རྩལ་པ་རྣམས་ཀྱི་འཁྲབ་སྟོན་གྱིས་ཚོགས་ར་ཡོངས་ལ་ལྟད་མོ་གྱ་ནོམ་པ་བསྩལ་ཞིང་། དགའ་བསུ་ཡང་ཡང་ཐོབ། 

དགོང་ཚོགས་ཀྱི་སྟེང་དུ་མི་སྣ་མིང་གྲགས་ཅན་མང་ཞིང་། ཕུལ་བྱུང་སྲོལ་རྒྱུན་ཟློས་གར་དང་གསར་རྩོམ་བྱས་པའི་ཟློས་གར་མཉམ་དུ་བསྡེབས་ནས། དུས་རབས་གསར་བའི་ཟློས་གར་སྒྱུ་རྩལ་གྱི་རྒྱུན་འཛིན་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཡོད་ལ། སྐྱོད་ལམ་གསར་བའི་དུས་རབས་ཀྱི་གླུ་སྐད་ངག་ལ་དྲངས་ཡོད། 

པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འགོ་ཁྲིད་བློ་མཐུན་ཁ་ཤས། རྒྱལ་སྲིད་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་བློ་མཐུན་ཁ་ཤས། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་ཀྱིས་འཁྲབ་སྟོན་ལ་བལྟས། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།