ཟླ12པའི་ཚེས29ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ་ལུགས་གསར་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཇ་སྟོན་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་།
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཟླ12པའི་ཚེས29ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་ཁང་དུ་ལུགས་གསར་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་བཅས་ཀྱིས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་པ། རྒྱལ་སའི་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣའི་འཐུས་མི་བཅས་དང་ལྷན་དུ། 2024ལོའི་ལུགས་གསར་ལོ་སར་བསུས།
ཟླ12པའི་ཚེས29ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ་ལུགས་གསར་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་ཚོགས་འདུར་ཞུགས་ནས་འཁྲབ་སྟོན་ལ་གཟིགས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཇ་སྟོན་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོ་དང་དུས་རབས་གསར་པའི་ཆབ་སྲིད་ཀྱི་དོན་དག་ཆེ་ཤོས་ཡིན། ང་ཚོས་ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སེམས་ཤུགས་ཆེས་ཆེར་གཅིག་མཐུན་ཡོང་བར་བྱས་ཏེ། མཐུན་སྒྲིལ་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྒྲིལ་དང་འབད་འཐབ་ལ་བརྟེན་ནས་རླབས་ཆེན་བྱ་གཞག་བསྐྲུན་ཏེ། མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཉམས་ཆེ་བའི་ལེའུ་རྩོམ་དགོས་ཞེས་ནན་གྱིས་གསུངས།
ཟླ12པའི་ཚེས29ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ་ལུགས་གསར་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཇ་སྟོན་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་དེ། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས། ཞང་ཀང་གི་སྤུན་ཟླ། ཨོ་མིན་གྱི་སྤུན་ཟླ། ཐའེ་ཝན་གྱི་སྤུན་ཟླ། ཕྱིར་སྡོད་རང་མི་བཅས་དང་། ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་སོ་སོའི་གྲོགས་པོ་བཅས་ལ་ལུགས་གསར་ལོ་སར་གྱི་སྨོན་འདུན་བཟང་པོ་ཞུས།
ཞི་ཅིན་ཕིང་གིས2023ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་མགོ་ཚུགས་པའི་ལོ་ཡིན། ལོ་གཅིག་གི་རིང་ལ་ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ནས། པྲོག་གསར་རིམས་ནད་འགོག་སྡོམ་གྱི་དུས་རིམ་བློ་ཐག་རྦད་ཆོད་སྒོས་བསྒྱུར་བ་དང་། ཕྱི་ནང་གི་དཀའ་ངལ་མཐའ་དག་ཁྱད་སེལ་བྱས་ནས། ཞུམ་མེད་འབད་འཐབ་དང་དཔའ་སྐྱེད་མདུན་སྐྱོད་ཀྱིས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ཕུན་སུམ་ཚོགས་པོའི་ངང་མངོན་འགྱུར་བྱས་ཡོད། དཔལ་འབྱོར་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་ཐེར་ཆེན་གཅིག་ཐེར་འབུམ་གཉིས་དུང་ཕྱུར་དྲུག་ལས་བརྒལ་བ་དང་། འབྲུ་རིགས་སྤྱིའི་ཐོན་ཚད་ཀྱིས་ཡང་བསྐྱར་མཐོ་ཚད་གསར་པ་བསྐྲུན་ཡོད་ལ། ལས་ཞུགས་དང་དངོས་གོང་སྤྱི་ཡོངས་ནས་བརྟན་པོ་ཡོང་བར་བྱས་པ་དང་། ཚན་རྩལ་གསར་གཏོད་ཐད་ཐོད་བརྒལ་གསར་པ་བྱུང་ཡོད། དེ་མིན་ད་དུང་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་གང་མགྱོགས་ངང་གྲུབ་པ་དང་། རེས་སྐོར་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་གཞི་རྩའི་ཆ་ནས་ཡོངས་འགྲུབ་བྱས་ཡོད་ཅིང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྒྱ་མུ་མཐུད་ཆེ་རུ་བསྐྱེད་པ་དང་། ཆུ་ལོག་གི་གནོད་འཚེ་འགོག་སེལ་དང་བུན་གཏོང་འགན་བཅོལ། སྡོད་ཁང་སྤྲོད་པར་འགན་ལེན་བཅས་ཀྱི་ཐད་ཕན་འབྲས་མངོན་གསལ་བླངས་ཡོད་པར་མ་ཟད། གྲོང་མིའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་ལས་མགྱོགས་པོ་བྱུང་ཡོད། ཞང་ཀང་དང་ཨོ་མིན་གྱི་ལས་དོན་ལ་མུ་མཐུད་ཤུགས་བསྣན་ནས། “རང་བཙན”ལ་ངོ་རྒོལ་བྱས་ནས་གཅིག་གྱུར་ཡོང་བར་སྐུལ་སྤེལ་མཐའ་གཅིག་ཏུ་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཏན་ཏིག་གིས་སྤེལ་བ་དང་། རང་རྒྱལ་འཕེལ་རྒྱས་གཏོང་བའི་ཕྱི་རོལ་གྱི་ཁོར་ཡུག་མུ་མཐུད་ལེགས་བཅོས་བྱས་ཡོད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་བསྟུད་མར་ཤུགས་བསྣན་པ་དང་། ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ཡོད། ཁྲིན་ཏུའུ་ཡི་སློབ་གྲྭ་ཆེན་མོ་པའི་ལུས་རྩལ་འགྲན་ཚོགས་དང་ཧང་ཀྲོའུ་ཡི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་སྤེལ་བ་དང་། རང་རྒྱལ་གྱི་ལུས་རྩལ་པས་གྲུབ་འབྲས་བཟང་པོ་བླངས་ཡོད། གོང་གི་གྲུབ་འབྲས་འདི་དག་ནི་ལས་སླ་མོའི་སྒོ་ནས་ལེན་ཐུབ་པ་ཞིག་མིན་པར་བརྟེན། ཚང་མས་གྲུབ་འབྲས་འདི་དག་ལ་ཁས་ལེན་གཟེངས་བསྟོད་བྱེད་འོས། ང་ཚོས་ཉམས་ཉེན་སེལ་བ་དང་དཀའ་གནད་ལས་སྒྲོལ་བ།འགྱུར་ལྡོག་ལ་བསྟུན་པ་བཅས་ཀྱི་ཁྲོད་དུ་གོ་སྐབས་གསར་པ་བསྐྲུན་པ་དང་འཐབ་ཇུས་ཀྱི་རང་འགུལ་ཐོབ་པར་བྱས་ལ། ཡིད་ཆེས་དང་གདིང་ཤུགས་ཀྱང་མངོན་སུམ་གྱིས་ཆེ་རུ་བཏང་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ལོ་གཅིག་གི་རིང་ལ། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་ལས་འགན་གཙོ་བོར་དམ་པོར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་དང་གྲོས་མོལ་སྲིད་གླེང་། དམངས་གཙོའི་ལྟ་སྐུལ་བཅས་ནན་མོར་སྤེལ་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི” དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡིན། ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། བརྟན་ཐོག་ཡར་འཕེལ་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་པོ་ཡོང་ཐབས་བྱེད་པ། སྔོན་འཛུགས་རྗེས་གཏོར་གྱི་བླང་བྱ་དེ་ལས་དོན་སོ་སོའི་ཁྲོད་ཁྱབ་པར་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་དང་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་འཕེལ་རྒྱས་སྔར་ལས་ཆེན་པོ་ཐོབ་པར་བྱེད་དགོས་ལ། དཔལ་འབྱོར་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་སྔར་ལས་སྲ་བརྟན་དུ་གཏོང་བ་དང་དམངས་ཚིས་ཕན་བདེ་སྔར་ལས་ཇེ་མང་དུ་གཏོང་བ། སྤྱི་ཚོགས་བརྟན་བརླིང་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཏན་ཏིག་དང་བབ་བརླིང་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་སང་ལོ་ནི་མི་དམངས་སྲིད་གྲོས་བཙུགས་ནས་ལོ75འཁོར་བའི་ལོ་ཡིན། སྲོལ་རྒྱུན་བཟང་པོ་དར་སྤེལ་དང་ཆབ་སྲིད་ཀྱི་འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ། ལྟེ་བར་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་དོན་གྱི་ཐད་དུ་ཇུས་འདོན་ཧུར་ཐག་བྱེད་པ། ཐུན་མོང་ལྟ་བ་རྒྱ་ཆེར་གཅིག་སྡུད་བྱེད་པ། རང་ངོས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཇ་སྟོན་ཚོགས་འདུར་མགོ་འཛིན་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེར་གོ་བ་ནན་མོ་བླངས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མི་སེམས་གཅིག་སྡུད་དང་རང་ཉིད་ལ་གོ་མཚོན་སྤྲས་རྒྱུ་རྒྱུན་འཁྱོངས་བྱེད་པ། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་པ། བློ་གྲོས་དང་སྟོབས་ཤུགས་དེ་བཅོས་སྒྱུར་ཟབ་སྤེལ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་ཚིས་འགན་ལེན་དང་ལེགས་བཅོས་གཏོང་བ་བཅས་ཀྱི་ཐད་གཅིག་སྡུད་བྱེད་པ། ཡིད་ཆེས་བརྟན་གཏོང་དང་གསར་འབྱེད་ཡར་བརྩོན་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་དུ་ཧུར་ཐག་གིས་བྱས་རྗེས་གསར་པ་འཇོག་དགོས་ཞེས་གསུངས།
ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཏེན་ཀྲུང་ལིས་ཀྱིས། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་བྱས་ནས་གཏམ་བཤད། ཁོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས།“གཏན་ཕབ་གཉིས”ལ་བློ་བརྟན་འགྱུར་མེད་ངང་གོང་བཀུར་བྱེད་པ་དང་།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་ཞུམ་མེད་མདུན་སྐྱོད་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་ལེའུ་མཉམ་རྩོམ་བྱེད་དགོས་ཞེས་བསྟན།
ཇ་སྟོན་ཚོགས་འདུའི་སྟེང་དུ་ཞི་ཅིན་ཕིང་སོགས་ལས་རིགས་སོ་སོའི་མི་སྣའི་ཁྲོད་དུ་ཕེབས་ནས། ཚང་མར་བྱམས་བརྩེའི་ངང་ཕྱག་འཇུ་གནང་བ་དང་འཚམས་འདྲི་གནང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རིག་རྩལ་ལས་དོན་པས་ལྟད་མོ་ཆེ་བའི་འཁྲབ་སྟོན་བྱས། མཇུག་མཐར་ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་སྐད་གསེང་མཐོན་པོས། 《མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན》 ཞེས་པའི་གླུ་དབྱངས་བླངས། ཚོགས་རའི་ནང་བཀྲ་ཤིས་སྤྲོ་སྐྱིད་ཀྱི་དུས་ཆེན་གྱི་རྣམ་པས་ཁེངས།
པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་བློ་མཐུན་རེ་འགའ། རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་བློ་མཐུན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་མྱོང་བའི་པེ་ཅིང་དུ་ཡོད་པའི་བློ་མཐུན་རྒན་པ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།