ཁྲིན་ཀང་གིས་མིན་ཧོ་རྫོང་གི་ཡོམ་འགོག་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།
2023.12.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ12པའི་ཚེས29ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་རྟོག་ཞིབ་བྱས་པར་མ་ཟད་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ཡོམ་འགོག་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཏང་འཛུགས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ། ཚན་རིག་དང་མཐུན་པའི་སྒོ་ནས་གཅིག་འདོམས་བཀོད་གཏོང་བྱེད་པ། མང་ཚོགས་བཀོད་སྒྲིག་དང་གནོད་སྐྱོབ་ཞིབ་དཔྱད། ཉེན་ཁ་གྲལ་བཤེར། སྒྲིག་ལམ་སྲུང་སྐྱོབ། དྲིལ་སྒྲོག་སྣེ་ཁྲིད་སོགས་བྱ་བ་དོན་འཁྱོལ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་གནོད་ཐེབས་མང་ཚོགས་དང་དཀའ་ཁག་མཉམ་སེལ་བྱེད་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཚན་གཙོ་གཞོན་པ་ལིའུ་ཆི་ཧྥན་རྟོག་ཞིབ་ལ་ཞུགས།

ཁྲིན་ཀང་སྔ་གཞུག་ཏུ་ཀྲུང་ཁྲོན་ཡུལ་ཚོ་ཆིན་ཨར་སྡེ་བའི་འདམ་ཟེགས་འཕྱུར་སའི་འགོ་ཁུངས་དང་ཅིན་ཐེན་སྡེ་བའི་རོགས་སྐྱོབ་ཡུལ་དངོས། མེ་ཨར་སྡེ་བའི་འཆར་འགོད་གནས་འདེམ་བྱེད་ས། ཧི་ཞི་སྡེ་བའི་བདེ་འགོད་ས་ཚུགས་བཅས་ལ་སོང་ནས། ས་ཡོམ་རྗེས་ཀྱི་ས་གཤིས་གནོད་འཚེའི་ཉེན་ཁ་དང་འཚོལ་སྐྱོབ་དང་འདམ་རྫབ་གཙང་སེལ་གནས་ཚུལ། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དང་ཡུལ་གཞན་གནས་སྤོར་གཅིག་བསྡུས་བདེ་འགོད་གནས་འདེམ། གནོད་ཐེབས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་སླར་གསོ་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། ཡུལ་དངོས་བཀོད་འདོམས་པུའུ་རུ་མགོ་འཛིན་བྱས་ནས་ཆེད་དོན་གྲོས་ཚོགས་བསྡུས་ནས། ཡོམ་འགོག་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དུས་སྐབས་སུ་མང་ཚོགས་ཀྱི་བྱ་བ་བཟང་བོར་སྒྲུབ་པ་དང་གླེང་ཕྱོགས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ། སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་བྱ་བའི་སྙན་ཞུ་ལ་ཉན།

ཁྲིན་ཀང་གིས་བསྟན་དོན། དྲུག་ལྡན་དང་གནད་ཁེལ་དྲུག་ལ་ཟུང་འབྲེལ་བྱེད་པ་དང་། ཏང་འཛུགས་ཀྱི་སྣེ་ཁྲིད་འབུར་དུ་ཐོན་པར་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གདོང་ལེན་པའི་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པ། གནས་དཔོན་གྱི་འགན་ཁུར་ལམ་ལུགས་དང་གནས་དཔོན་གྱི་བཀོད་འདོམས་བྱས་ན། སྡེ་ཁག་གིས་འགུལ་སྐྱོད་བྱེད་པ་སོགས་ཀྱི་ཉམས་མྱོང་བྱེད་ཐབས་སྤྱི་སྡོམ་བྱེད་པ་དང་ཁྱབ་གདལ་དུ་གཏོང་བ། གོ་རྟོགས་མཐོ་བ་དང་དབང་ཟིལ་ལྡན་པའི་ཏང་ཡོན་རྒན་པ་གནོད་ཐེབས་མང་ཚོགས་བདེ་འགོད་བྱེད་པ་དང་གནོད་འཚེ་ཐེབས་ཚད་ལ་དཔྱད་འཇོག་གསལ་འབྱེད་བྱེད་པ་སོགས་ཀྱི་བྱ་བའི་ཁྲོད་ཞུགས་པར་སྐུལ་སློང་བྱེད་པ་དང་། རྒྱ་ཆེའི་ཞིང་སྡེའི་ཏང་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པ། མང་ཚོགས་ཚོགས་པའི་རྩ་འཛུགས། དང་བླངས་པ་བཅས་ཀྱིས་དང་བླངས་ཞབས་ཞུ་བྱེད་པར་སྐུལ་སློང་བྱེད་པ། ཁག་ཁུར་བྱེད་ཕོད་པ་དང་རང་འགུལ་གྱིས་འབད་བརྩོན་བྱས་ཏེ། མང་ཚོགས་ཀྱི་གློ་ཉེ་བའི་མི་དང་རྒྱབ་རྟེན་བྱེད་དགོས། ཁྱིམ་ཚང་དུ་སོང་ནས་བརྟག་དཔྱད་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པ་དང་། ཁ་གཏད་བརྗེ་རེས་བྱེད་པ་དང་བརྟག་དཔྱད་འདྲི་ཤོག་སྐོང་བ། ཁ་པར་འདྲི་རྩད་སོགས་ཀྱི་རྣམ་པ་བརྒྱུད་དེ། དམངས་ཀྱི་འདོད་བློ་ལ་རྒྱུས་ལོན་བྱེད་པ་དང་དམངས་ཀྱི་བློ་གྲོས་དང་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་བ། གནས་ཚུལ་དངོས་དང་མཐུན་པར་བྱས་ནས། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་བཟང་བོར་བསྒྲུབ་ཆེད་རྨང་གཞི་བརྟན་པོ་འདིང་དགོས། མང་ཚོགས་ཀྱི་ཉེ་འགྲམ་གྱི་བསམ་བློ་དྲིལ་སྒྲོག་བྱ་བར་ཤུགས་སྣོན་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། སྦྱར་ཡིག་དང་རི་མོ་སྦྱོར་བ། གྲོང་གསེབ་ཀྱི་སྒྲ་དུང་། དྲིལ་སྒྲོག་རླངས་འཁོར་སོགས་མང་ཚོགས་ཀྱིས་དང་ལེན་བྱེད་སླ་བའི་རྣམ་པ་སྤྱད་དེ། དུས་ཐོག་ཏུ་ཏང་གི་སྲིད་ཇུས་དྲིལ་སྒྲོག་ཡང་དག་བྱེད་པ་དང་། མི་བཟང་དོན་བཟང་ལ་བསྔགས་བརྗོད་བྱེད་པ། རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སེམས་ཁྲལ་བྱེད་པའི་བྱ་བར་ཕྱིར་ལན་བཏབ་ནས། གནོད་ཐེབས་མང་ཚོགས་ཀྱིས་དུས་ཆེན་བསུ་བའི་སྣང་ཚུལ་བཟང་བོ་གྲུབ་པར་བྱེད་དགོས། ཉེན་ཁ་ཆེན་པོ་འགོག་ཟོན་དང་ཐག་གཅོད་བྱེད་པ་དང་། འགུལ་རྣམ་བརྟག་དཔྱད་དང་དུས་ཐོག་ཏུ་ཐག་གཅོད་པ་སོགས་ཀྱི་རྐྱེན་སྲོལ་འཛུགས་པ། འགན་ནུས་སྡེ་ཁག་སོ་སོའི་བཀོད་གཏོང་ལ་ཤུགས་སྣོན་པ། ཉེན་ཁ་གྲལ་བཤེར་དང་སྔོན་བརྡ་སྔོན་ཇུས། རྩ་འཛུགས་མཐུན་སྦྱོར། འཕྲལ་བསྟུན་ཐག་གཅོད་སོགས་བྱ་བ་བཟང་བོར་སྒྲུབ་ནས། རིགས་མི་འདྲ་བའི་འགལ་རྩོད་ཉེན་ཁ་འགོ་ཁུངས་ནས་མེད་པར་བྱེད་པ་དང་། གནད་དོན་ཆུང་ངུ་འགོར་འགྱངས་བྱས་ནས་གནད་དོན་ཆེན་པོ་རུ་འགྱུར་བར་བཀག་འགོག་བྱས་ཏེ། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཐད་སྤྱི་ཚོགས་ཀྱི་སྒྲིག་ལམ་བཟང་བོ་གྲུབ་པར་བྱེད་དགོས། རིམ་པ་སོ་སོའི་ལས་བྱེད་པས་མིག་སྔའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་གཅེས་སྤྲས་བྱེད་པ་དང་། འགན་སྒྲུབ་ཁག་ཁུར་བྱེད་རྒྱུ་དེ་གནོད་འཚེ་ཆེན་པོའི་མདུན་གྱི་རེ་བ་གལ་ཆེན་དུ་བརྩིས་ནས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རང་འགུལ་གྱིས་ཏང་གི་དཀའ་ངལ་སེལ་བ་དང་དམངས་ཀྱི་དཀའ་ཁག་སེལ་དགོས། རིམ་པ་སོ་སོའི་རྩ་འཛུགས་ཀྱིས་ལངས་ཕྱོགས་བརྟན་པོས་ཁག་ཁུར་བྱེད་ཕོད་པའི་ལས་བྱེད་པར་ཁག་ཁུར་བྱེད་པ་དང་། འགན་ཁུར་ཕོད་པའི་ལས་བྱེད་པར་འགན་ཁུར་ནས། ཡོམ་འགོག་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཀྱི་རྒྱལ་ཁ་བརྩོན་ལེན་བྱེད་དགོས།

ཚན་གཙོ་གཞོན་པ་དབྱང་ཧྥ་སིན་དང་ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། ཀྲུའུ་ཞང་ཧྥིན། ཧི་ལུའུ་ཁྲུན་བཅས་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།