རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པ་པེ་ཅིང་དུ་གྲོལ།
2023.12.30 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 25

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པ་ཚེས29ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་གྲོལ། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚོགས་འདུར་མགོ་འཛིན་མཛད། གྲོས་ཚོགས་ནས་བརྡས་ཐག་བཅད་པ་བརྒྱུད། གསར་དུ་བཟོ་བཅོས་བྱས་པའི་ཀུང་ཟིའི་བཅའ་ཁྲིམས་དང་དགེ་སྒྲུབ་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་དང་། འབྲུ་རིགས་བདེ་འཇགས་ཀྱི་འགན་སྲུང་བཅའ་ཁྲིམས། ཉེས་དོན་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་བཅས་ལ་གྲོས་འཆམ་བྱུང་བ་དང་། ཏུང་ཅུན་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་དུ་བསྐོ་འཇོག་བྱེད་པ་དང་། ཐང་ཏིན་ཅེ་ཡི་དམངས་སྲིད་པུའུ་ཡི་པུའུ་ཀྲང་གི་འགན་བླངས་ནས་ལུའུ་ཀྲི་ཡོན་དམངས་སྲིད་པུའུ་ཡི་པུའུ་ཀྲང་དུ་བསྐོ་འཇོག་བྱེད་པ། ཧུའུ་ཧི་ཕིང་གི་རིག་གནས་དང་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་གི་འགན་བླངས་ནས་སུང་ཡེ་ལིས་རིག་གནས་དང་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་དུ་བསྐོ་འཇོག་བྱེད་པ་བཅས་ཀྱི་ཐག་བཅད།

གྲོས་ཚོགས་ནས་བརྡས་གཅོད་བྱས་ཏེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱེད་པར་སྤྲོད་པའི་སྐོར་གྱི་ཇུས་གཞིར་གྲོས་འཆམ་བྱུང་ལ། བཟོ་བཅོས་འཆར་ཟིན་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད་པར་མ་ཟད། ཨུ་ཡོན་ཀྲང་གཞོན་པ་ལིས་ཧོང་ཀྲུང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་གསལ་བཤད་བྱེད་པར་མངགས་བཅོལ་བྱས།

གྲོས་ཚོགས་ནས་བརྡས་གཅོད་བྱས་ཏེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐོ་འགོད་དཔྱད་ཞིབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དེར་ཤུགས་སྣོན་པའི་སྐོར་གྱི་ཆོད་དོན་དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་ལ་ཀོང་ཏུང་ཞིང་ཆེན་གྱི་ཀྲུའུ་ཧེ་གྲོང་ཁྱེར་ཧོང་པེ་རྒྱུ་ལམ་ཤར་ལྷོའི་ཕྱོགས་ཀྱི་སྐམ་ས་དང་མཚོ་ཁོངས་ལ་དོ་དམ་བྱེད་པའི་དབང་ཆ་སྤྲོད་པའི་ཆོད་དོན་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་བརྡས་གཅོད་བྱས་ཏེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་བསྡུ་བའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་། ཆོད་དོན་ལྟར་ན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་དེ་ཉིས་སྟོང་ཉེར་བཞི་ལོའི་ཟླ་གསུམ་པའི་ཚེས་ལྔ་ཉིན་པེ་ཅིང་ནས་བསྡུ་རྒྱུ་རེད།

གྲོས་ཚོགས་ནས་བརྡས་གཅོད་བྱས་ཏེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པའོ་ཚི་ཝ་ནཱ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཅན་ཕྱིར་སྤྲོད་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་ཆོད་དོན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སེ་ནེ་ཀལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་ཁྲིམས་འཛིན་རོགས་ལས་སྐོར་གྱི་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་གྲོས་དོན་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་བརྡས་གཅོད་བྱས་ཏེ་རྒྱལ་ཡོངས་དམངས་ཆེན་མི་རིགས་བྱ་བའི་ཨུ་ཡོན་ལྷན་ཁང་དང་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང། ཕྱི་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་། ཞིང་ལས་དང་ཞིང་སྡེའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སོ་སོར་བཏོན་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པར་སྤྲད་ནས་གྲོས་ཞིབ་བྱས་པའི་འཐུས་མིས་བཏོན་པའི་གྲོས་གཞིའི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུར་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་བརྡས་གཅོད་བྱས་ཏེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་བརྡས་གཅོད་བྱས་ཏེ། ཀྲོའུ་མེན་རྒྱལ་ཡོངས་དམངས་ཆེན་མི་རིགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པར་བསྐོས་པ་དང་། ལིས་ཉིང་དང་ཞུའུ་ཨན་པེའོ་ཡི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བླངས་ཏེ། སུང་ཀྲིན་ཕིང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་བསྐོས། ལིའུ་ཞིའུ་ཝུན་གྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྔོན་རྩིས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བླངས་ཏེ། ཧི་ཁྲིན་ཅུན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྔོན་རྩིས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་བསྐོས། ཀའོ་ཅིན་ཧོང་གི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དང་། ཁྲིམས་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཁྲིམས་གཅོད་པ་བཅས་ཀྱི་འགན་བླངས།

གྲོས་ཚོགས་ནས་ད་རུང་བརྡས་ཐག་བཅད་དེ་འགན་ལེན་དང་བསྐོ་འཇོག་གི་ཇུས་གཞི་གཞན་པར་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་འབྲེལ་ཡོད་བརྡས་གཅོད་ནང་དོན་ཡོངས་འགྲུབ་བྱས་རྗེས། ཀྲའོ་ལི་ཅི་ཡིས་གསུང་བཤད་གནང་། གྲོས་ཚོགས་ནས་བསྡོམས་པས་བཅའ་ཁྲིམས་དང་ཆོད་དོན་འཆར་ཟིན་བཅུ་གསུམ་ལ་གྲོས་ཞིབ་བྱས་པ་དང་། དེའི་ནང་ཆོད་དོན་བདུན་ལ་གྲོས་འཆམ་བྱུང་ཡོད། ཆོད་དོན་གཅིག་ཚོགས་ཆེན་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད་པ་དང་། ཆེད་དོན་བྱ་བའི་སྙན་ཞུ་བཞི་དང་ཁྲིམས་བསྟར་ཞིབ་བཤེར་སྙན་ཞུ་གཉིས་ལ་ཉན་ནས་གྲོས་ཞིབ་བྱས། ཆེད་དོན་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་གྲོས་གཞིའི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་ལྔར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཉིས་སྟོང་ཉེར་གསུམ་ལོའི་ཐོ་འགོད་དཔྱད་ཞིབ་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་ནས་གྲོས་ཞིབ་བྱས་པར་མ་ཟད། སྲོལ་ཡིག་གཉིས་ལ་ཆོག་མཆན་འགོད་རྒྱུ་ཐག་བཅད་པ་དང་མི་སྣའི་བསྐོ་འཐེན་སོགས་ལ་གྲོས་འཆམ་བྱུང་སྟེ། གྲོས་རིམ་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས།

ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་བཞི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དོན་ལྔ་འགོར་བའི་ལོ་ཡིན་པ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བའི་ལོ་ཡང་ཡིན། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་དངོས་འབེབས་བྱེད་དགོས་ལ། དམངས་ཆེན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཡར་སྐུལ་བྱེད་པའི་ཁྲོད་ཀྱི་ངེས་གནས་དང་ལས་འགན་ཡང་དག་པར་བཙལ་ནས། བརྟན་ཐོག་ཡར་འཕེལ་གྱིས་དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དངོས་གཉེར་ནུས་མཐོས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་དང་རྩ་འཛུགས། ཞབས་ཞུ་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས། ཚོགས་ཆེན་བདེ་བླག་ངང་བསྡུ་བ་དང་བདེ་འཇགས་གོ་རིམ་ལྡན་པ། དར་སྲོལ་བཟང་བ་བཅས་ལ་འགན་སྲུང་བྱེད་དགོས།

ཚོགས་འདུ་གྲོལ་རྗེས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་བརྒྱད་པ་སྤེལ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས29ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།


བསོད་ནམས་ཚེ་རིང་གིས་བསྒྱུར།