རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ12པའི་ཚེས29ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། མི་གཙོར་འཛིན་པའི་རྣམ་པ་གསར་བའི་མཁར་གྲོང་ཅན་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་དང་། ཀོང་ཏུང་ཐའེ་ཕེན་ལིན་དང་ཀྲེ་ཅང་ཅིན་ཆི་མིན་གྱི་ཉིང་རྡུལ་གློག་འདོན་ལས་གཞིར་ཆོག་མཆན་འགོད་རྒྱུ་ཐག་བཅད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་བསྡུར་བྱས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡིག་ཚགས་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག་འཆར་ཟིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོང་གཉེར་མཁན་གྱི་གཅིག་བསྡུས་རེ་ཞུའི་ཚད་གཞིའི་སྐོར་གྱི་གཏན་འཁེལ་གྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ནས་བསྟན་དོན། མི་གཙོར་འཛིན་པའི་རྣམ་པ་གསར་བའི་མཁར་གྲོང་ཅན་ལ་གཏིང་ཟབ་ཏུ་སྐུལ་འདེད་བཏང་ན། འཛད་སྤྱོད་དང་དངུལ་གཏོང་ལ་སྐུལ་ཁྲིད་བྱེད་པ་དང་། ནང་མཁོའི་སྦས་ཤུགས་བསྟུད་མར་ཕྱིར་འདོན་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བར་སྐུལ་འདེད་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པར་མ་ཟད། དམངས་ཚིས་ལེགས་བཅོས་དང་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ཉག་ཅིག་ཡིན། ཏང་ཀྲུང་དབྱང་གི་རྣམ་པ་གསར་བའི་མཁར་གྲོང་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པར་གཅིག་འདོམས་བྱེད་པའི་བཀོད་སྒྲིག་དང་རེ་བ་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྣམ་པ་གསར་བའི་མཁར་གྲོང་ཅན་འཕེལ་རྒྱས་སུ་གཏོང་བའི་སྦས་ཤུགས་དང་དོན་སྙིང་ཆེན་མོར་ངོས་འཛིན་གང་ལེགས་བྱེད་པ། མི་གཙོར་འཛིན་པའི་རྩ་དོན་གཙོ་བོ་དམ་འཛིན་བྱས་ཏེ། ཞིང་སྡེའི་མི་གྲངས་གྲོང་ཁྱེར་སྡོད་དམངས་སུ་བསྒྱུར་བའི་བྱ་བ་དེ་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཁྱིམ་ཐོའི་ལམ་ལུགས་ལ་གཏིང་ཟབ་ཏུ་བཅོས་སྒྱུར་བྱས་ནས། སློབ་གསོ་དང་སྨན་བཅོས། རྒན་གསོ། སྡོད་ཁང་སོགས་ཁྱབ་ཁོངས་ཀྱི་དངུལ་གཏོང་ལ་ཤུགས་སྣོན་དགོས་པ་དང་། ཁྱིམ་ཐོ་བཀོད་མེད་པའི་རྒྱུན་སྡོད་བྱེད་མཁན་ལ་གཞི་རྩའི་སྤྱི་བའི་ཞབས་ཞུ་ལོངས་སུ་སྤྱོད་དུ་འཇུག་པར་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་བྲེལ་དཀའ་ཁྲེལ་སྒུག་གི་གནད་དོན་གཙོར་བཟུང་ནས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་དང་དོ་དམ་ཞབས་ཞུ་སོགས་ཀྱི་མི་འདང་ས་ཁ་གསབ་བྱེད་པ། དཔལ་འབྱོར་དང་མི་གྲངས་ཀྱི་ཐེག་ཚད་ནུས་པ་མཐོར་འདེགས་བྱས་ནས། གྲོང་ཁྱེར་དེ་སྔར་ལས་བདེ་ཐང་དང་བདེ་འཇགས། འཚོ་སྡོད་ལ་འཚམ་པ་ཞིག་ཏུ་གཏོང་དགོས་ཟེར།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཉིང་རྡུལ་ནུས་པའི་གློག་འདོན་གྱི་བདེ་འཇགས་དེ་ལྷག་ཏུ་གལ་ཆེན་ཡིན་པས། ངེས་པར་དུ་བདེ་འཇགས་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཤིང་། འཛམ་གླིང་ཡོངས་ཀྱི་ཆེས་མཐོའི་བདེ་འཇགས་ཚད་གཞི་དང་རེ་བ་གཞིར་བཟུང་སྟེ། གཏན་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མུ་འབྲེལ་ཅན་གྱི་ཁྱབ་ཁོངས་ཧྲིལ་བོའི་བདེ་འཇགས་ལྟ་རྟོག་དོ་དམ་ལ་ཤུགས་བསྣན་ཏེ། བདེ་འཇགས་ཀྱི་གནད་དོན་ཅི་ཡང་མི་འབྱུང་བར་ཁག་ཐེག་བྱེད་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཉིང་རྡུལ་ནུས་པའི་གློག་འདོན་གྱི་ཐོན་ལས་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། ཕྱོགས་ཡོངས་ནས་ཉིང་རྡུལ་ནུས་པའི་གློག་འདོན་གྱི་སྒྲིག་ཆས་དང་འབྲེལ་ཡོད་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་མཐོར་འདེགས་གཏོང་དགོས།
གྲོས་ཚོགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡིག་ཚགས་བཅའ་ཁྲིམས་སྲོལ་ཡིག་འཆར་ཟིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོང་གཉེར་མཁན་གྱི་གཅིག་བསྡུས་རེ་ཞུའི་ཚད་གཞིའི་སྐོར་གྱི་གཏན་འཁེལ་གྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། བཅའ་ཁྲིམས་དང་ཁྲིམས་སྲོལ་སྣ་ཚོགས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་། ནན་ཏན་གྱིས་སྒྲོག་འགྲེལ་བྱ་བ་བཟང་བོར་སྒྲུབ་ནས། མང་ཚོགས་དང་ཁེ་ལས་ཀྱི་སེམས་ཁུར་ལ་དུས་ལྟར་ལན་བཏབ་སྟེ། ཕན་ནུས་ལྡན་པའི་སྒོ་ནས་དུས་སྔོན་གྱི་ཚོད་དཔག་གཏན་འཇགས་ཡོང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པའི་མཚོན་རྟགས་བཟང་བོ་མངོན་པར་བྱེད་དགོས།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ལས་སང་ལོའི་དཔལ་འབྱོར་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཟོལ་མེད་ཀྱིས་བྱ་བའི་འགན་འཁྲིའི་འདུ་ཤེས་དང་དགོས་གལ་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། དུས་ཚོད་ཀྱིས་མི་ལ་སྒུག་མི་སྲིད་པས་ཉིན་མཚན་རྟག་ཏུ་བརྩོན་ལེན་བྱེད་པའི་སྙིང་སྟོབས་བཅངས་ཏེ་གཏིང་ཟབ་ཅིང་ཞིབ་ཚགས་ལྡན་པའི་སྒོ་ནས་དངོས་འབེབས་དམ་འཛིན་བྱེད་པའི་བྱེ་བྲག་གི་བྱ་བའི་ཇུས་གཞི་འགོད་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱེད་པ་དམ་འཛིན་བྱས་ཏེ། སང་ལོའི་བྱ་བ་སྣ་ཚོགས་ཀྱི་མགོ་བཟང་བོར་རྩོམ་པར་ཁག་ཐེག་བྱེད་དགོས།
གྲོས་ཚོགས་ནས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།