ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ཀྱི་ཀྲུང་དབྱང་དང་ས་གནས་ནོར་སྲིད་དོན་དབང་དང་འགྲོ་སོང་གཏོང་བའི་འགན་ཁུར་དབྱེ་འབྱེད་ཀྱི་བཅོས་སྒྱུར་ཇུས་གཞི་དཔར་འགྲེམ་བྱས།
2023.12.31 ཁུངས། ཀློག་གྲངས། 20

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་གིས་ཉེ་སྔོན་ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ཀྱི་ཀྲུང་དབྱང་དང་ས་གནས་ནོར་སྲིད་དོན་དབང་དང་འགྲོ་སོང་གཏོང་བའི་འགན་ཁུར་དབྱེ་འབྱེད་ཀྱི་བཅོས་སྒྱུར་ཇུས་གཞི་དཔར་འགྲེམ་བྱས་པ་དང་། ཉིས་སྟོང་ཉེར་བཞི་ལོའི་སྤྱི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། 

ཇུས་གཞི་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་པ་ནི་གསར་སྐྲུན་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་བརྟན་པོར་བཅངས་ནས། ཀྲུང་དབྱང་དང་ས་གནས་གཉིས་ཀྱིས་འབད་བརྩོན་བྱེད་པའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། དབང་ཆ་དང་འགན་ཁུར་གྱི་འབྲེལ་བ་གསལ་ཞིང་། སྲིད་གཞུང་གི་དོན་གཅོད་དབང་ཆ་དང་ནོར་སྲིད་ཀྱི་དབང་ཆ་དབྱེ་འབྱེད་ལེགས་པོ་བྱས་ནས། འགན་དབང་གསལ་ཞིང་ནོར་ཤུགས་མཐུན་སྦྱོར་ཡོང་ལ། ཁུལ་ཁོངས་ཆ་སྙོམས་ཡིན་པའི་ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་འབྲེལ་བ་བཙུགས་ཏེ། རིམ་པ་སོ་སོའི་སྲིད་གཞུང་གི་དོན་གཅོད་དབང་ཆ་དང་འགྲོ་སོང་གཏོང་བའི་འགན་ཁུར། ནོར་ཤུགས་བཅས་དང་འཚམ་པའི་ལམ་ལུགས་བརྟན་འཇགས་ཤིག་གྲུབ་པར་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་ལྡན་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས། 

ཇུས་གཞི་ལས་ཤེས་བྱའི་ཐོན་དབང་གི་ཆེ་ཕྱོགས་དོ་དམ་དང་། དབང་སྤྲོད་དང་བདག་དབང་གཏན་ཁེལ། ཉེར་སྤྱོད་ཡར་སྐུལ། སྲུང་སྐྱོབ། སྤྱི་པའི་ཞབས་ཞུ། ཕྱི་འབྲེལ་བྱ་བ། བྱ་བ་གཞན་དག་བཅས་ཕྱོགས་བདུན་གྱི་ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ཀྱི་ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་དོན་དབང་་དང་འགྲོ་སོང་གཏོང་བའི་འགན་ཁུར་དབྱེ་འབྱེད་གསལ་བོ་བྱས་ཡོད། ལག་ལེན་ཁྲོད་དུ་གྲུབ་པའི་ཚན་རིག་དང་མཐུན་ཞིང་། ལུགས་དང་མཐུན་པ། གོ་ཆོད་པ་བཅས་ཀྱི་ནོར་སྲིད་དོན་དབང་དབྱེ་འབྱེད་གཏན་འཁེལ་གསལ་བོ་བྱས་ཏེ། ཆ་རྐྱེན་ཅུང་འཐུས་ཚང་ཡིན་པའི་ཀྲུང་དབྱང་ནོར་སྲིད་དོན་དབང་གསར་སྣོན་བྱེད་ཡོད་ལ། ས་གནས་དོ་དམ་ཁྱབ་ཁོངས་ནང་ཁུལ་དོན་དག་གི་ཁྱད་སྟོབས་བཟང་བོར་འདོན་པ་དང་། ས་གནས་ཀྱི་རིམ་བགོས་འགན་ཁུར་ཇེ་དྲག་ཏུ་བཏང་སྟེ། ས་གནས་ལ་རང་བདག་དབང་ཆ་སྔར་ལས་མང་པོ་བསྩལ་ནས། ས་གནས་ཀྱི་འབད་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་ལེགས་པར་བསྐྱེད་ཡོད། 

 སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།