ཀྲུང་གོ་དང་ཨུ་རུ་སིའི་གཙོ་འཛིན་དང་ཙུང་ལིས་ཕན་ཚུན་ལ་ལོ་སར་གྱི་རྟེན་འབྲེལ་གློག་འཕྲིན་བསྐུར།
2024.01.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

2023ལོའི་ཟླ12པའི་ཚེས31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཕན་ཚུན་བར་གློག་འཕྲིན་བཏང་ནས་ལོ་སར་གྱི་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་ནས་ཙུང་ཐུང་ཕུའུ་ཅིན་དང་ཨུ་རུ་སིའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་བཀྲ་ཤིས་བདེ་ལེགས་དང་སྨོན་འདུན་བཟང་པོ་ཞུས།  ཞི་ཅིན་ཕིང་གིས2023ལོར་ལོ་བརྒྱའི་འགྱུར་ལྡོག་དང་ཟང་ཟིང་ཅན་གྱི་རྒྱལ་སྤྱིའི་ས་ཁུལ་གྱི་གནས་བབ་ལ་དམིགས་ཏེ། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཡང་དག་པའི་ཁ་ཕྱོགས་བརྒྱུད་དེ་བརྟན་བརླིང་ངང་མདུན་སྐྱོད་བྱས་ཡོད། འདས་ཟིན་པའི་ལོ་གཅིག་གི་རིང་། ང་ཚོས་མོ་སི་ཁོ་དང་པེ་ཅིང་དུ་ཐུག་འཕྲད་ཐེངས་གཉིས་བྱས་པ་དང་། ཕྱོགས་གཉིས་ཀའི་འབྲེལ་བ་དང་ཐུན་མོང་གིས་དོ་ཁུར་བྱེད་ཀྱིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ལ་དམིགས་ཏེ་ཟོལ་མེད་ངང་བསམ་ཚུལ་བརྗེ་རེས་བྱས་པར་བརྟེན། ཕན་ཚུན་བར་ཐུན་མོང་གི་ངོས་འཛིན་ཆེན་པོ་བྱུང་། ང་ཚོ་ཐུན་མོང་གི་སྣེ་ཁྲིད་འོག་ཏུ། ཕྱོགས་གཉིས་ཀའི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་སོང་བ་དང་། འཐབ་ཇུས་མཉམ་ལས་སྔར་ལས་དམ་ཟབ་ཏུ་སོང་ལ། གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད། ཀྲུང་གོ་དང་ཨུ་རུ་སི་ཕྱོགས་གཉིས་ཀའི་ཚོང་དོན་དངུལ་འབོར་ཨ་སྒོར་ཁྲག་ཁྲིག་གཉིས་ཀྱི་དམིགས་འབེན་སྔ་སྣུར་སྒོས་མངོན་འགྱུར་བྱུང་བ་དང་། ལུས་རྩལ་བརྗེ་རེས་ལོ་བདེ་བླག་ངང་སྤེལ་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་དངོས་པོ་དང་དམངས་འདོད་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་སོང་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ང་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་མཉམ་དུ་སང་ལོ་དང་གནངས་ལོར་ཀྲུང་གོ་དང་ཨུ་རུ་སིའི་རིག་གནས་ལོ་བསྡུ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད། ང་ཚོས་ད་དུང་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བས་བརྒྱུད་མྱོང་བའི་བཞི་ཆའི་གསུམ་གྱི་དུས་རབས་ཀྱི་ཀྱག་ཀྱོག་བཞུད་ལམ་ལས། ཡུན་རིང་གི་ཁྱིམ་མཚེས་མཛའ་མཐུན་དང་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས། རོགས་རེས་མཉམ་ལས་གཉིས་ཕན་བཅས་ཀྱི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ནི། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་ལྟོས་དང་མཐུན་པར་མ་ཟད། དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པ་གསལ་བཤད་བྱས་ཡོད། ངས་ཙུང་ཐུང་ཕུའུ་ཅིན་བར་འགྲོ་འོང་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུང་གོ་དང་ཨུ་རུ་སིའི་རིག་གནས་ལོ་འཁོར་གྱི་བྱེད་སྒོ་སྤེལ་རྒྱུ་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་སྣེ་ཁྲིད་དེ་ཕན་ཚུན་བར་གྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་མཉམ་ལས་བྱེད་རྒྱ་སྔར་ལས་ཆེ་རུ་གཏོང་བ། མཛའ་མཐུན་རྒྱུན་འཛིན་བཅས་བྱས་ནས། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་དེ་ཡང་དག་པའི་བགྲོད་ལམ་སྟེང་བརྟན་པོའི་ངང་མདུན་ནས་མདུན་དུ་བསྐྱོད་རྒྱུར་འགན་ལེན་བྱེད་འདོད་ཡོད་ཅེས་གསུངས།

ཙུང་ཐུང་ཕུའུ་ཅིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྙིང་ཐག་པ་ནས་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་། མཛའ་མཐུན་ལྡན་པའི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུས། ཕུའུ་ཅིན་གྱིས་འདས་ཟིན་པའི་ལོ་གཅིག་གི་རིང་ལ། ང་ཚོས་ཐུག་འཕྲད་ཐེངས་གཉིས་བྱས་ནས། ཨུ་རུ་སི་དང་ཀྲུང་གོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཚོང་དོན་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། ཕྱོགས་གཉིས་ཀའི་ཚོང་དོན་བསྡོམས་འབོར་ཨ་སྒོར་ཁྲག་ཁྲིག་གཉིས་ཀྱི་དམིགས་འབེན་སྔ་སྣུར་སྒོས་མངོན་འགྱུར་བྱུང་ནས་ཟིན་ཐོ་གསར་པ་བསྐྲུན་ཡོད། ཨུ་རུ་སི་དང་ཀྲུང་གོའི་ལུས་རྩལ་བརྗེ་རེས་ལོ་རྒྱལ་ཁའི་ངང་གཉེར་བ་དང་། ཨུ་རུ་སི་དང་ཀྲུང་གོའི་རིག་གནས་ལོ་འཁོར་གྱི་གྲ་སྒྲིག་ལས་དོན་སྤེལ་བཞིན་ཡོད་ཅིང་། རྒྱལ་ཁབ་གཉིས་ཀས་ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་ཀའི་ཐུན་མོང་གི་འབད་བརྩོན་འོག་ཏུ། རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་རྒྱུ་དང་། ཕྱོགས་གཉིས་ཀས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས། ཧྲང་ཧའེ་མཉམ་ལས་རྩ་འཛུགས། གསེར་གྱོམ་རྒྱལ་ཁབ་ཀྱི་ལམ་སྲོལ་སྒྲོམ་གཞིའི་ནང་གི་མཉམ་ལས་ལའང་འཕེལ་རིམ་གསར་པ་ཐོབ་རྒྱུའི་ཡིད་ཆེས་ཡོད་ཅེས་བསྟན།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་ཨུ་རུ་སིའི་ཙུང་ལི་མིས་ཧྲུའུ་ཟི་ཅིན་གཉིས་ཀྱིས་ཕན་ཚུན་བར་གློག་འཕྲིན་བཏང་ནས་ལོ་གསར་གྱི་རྟེན་འབྲེལ་ཞུས།  ལིས་ཆང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གྱི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་རྒྱུན་མཐུད་དང་བདེ་ཐང་། བརྟན་བརླིང་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཕྱིན་པ་དང་། ཕྱོགས་གཉིས་ཀའི་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་ཟབ་སྤེལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ཏེ། དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་གང་མང་བརྩོན་ལེན་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་སྣོན་འདོད་ཡོད་ཅེས་གསུངས། མིས་ཧྲུའུ་ཟི་ཅིན་གྱིས2023ལོར། ཨུ་རུ་སི་དང་ཀྲུང་གོའི་ཙུང་ལིའི་དུས་བཅད་ཐུག་འཕྲད་ཐེངས་ཉེར་བརྒྱད་པར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་དགེ་མཚན་ལྡན་པའི་འབྲེལ་བ་རྒྱུན་འཁྱོངས་བྱས་ནས། ཕྱོགས་གཉིས་ཀའི་མཉམ་ལས་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།