ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པས་ཕན་ཚུན་བར་གློག་འཕྲིན་བཏང་ནས་ལུགས་གསར་ལོ་སར་ལ་རྟེན་འབྲེལ་ཞུས་པར་མ་ཟད། “ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་མཐུན་ལོ”དངོས་སུ་མགོ་བརྩམས་པ་ཁྱབ་སྒྲོག་གནང་།
2024.01.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

2024ལོའི་ཟླ1ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་གཉིས་ཀྱིས་ཕན་ཚུན་བར་གློག་འཕྲིན་བཏང་ནས་ལུགས་གསར་ལོ་སར་ལ་རྟེན་འབྲེལ་ཞུས་པ་དང་། 2024ལོ་དེ“ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་མཐུན་ལོར”གཏན་འཁེལ་བྱས་པར་མ་ཟད། དེ་འབྲེལ་གྱི་བྱེད་སྒོ་རབ་དང་རིམ་པ་དངོས་སུ་སྤེལ་མགོ་བརྩམས་པ་ཁྱབ་སྒྲོག་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁྲའོ་ཞན་ནི་རི་ཆུ་འདབས་འབྲེལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་མཛའ་མཐུན་ནི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་རྒན་རབས་པ་ཚོ་སྐུ་ངོ་མས་བཏོད་པ་ཞིག་ཡིན་པ་དང་། ཁྲག་དང་མེ་ཡི་གསར་བརྗེའི་འཐབ་རྩོད་ཁྲོད་ངར་སེམས་གཅིག་སྡུད་བྱས་ནས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་འཕེལ་རིམ་ཁྲོད་རྒྱུན་མཐུད་ངང་ཟབ་སྤེལ་བྱས་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། ཕྱོགས་གཉིས་ཀའི་ཐུན་མོང་གི་འབད་བརྩོན་དང་སྐུལ་འདེད་འོག་ཏུ། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་སྲོལ་རྒྱུན་མཛའ་མཐུན་མཉམ་ལས་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་སླེབས་ཡོད། ཕྱོགས་གཉིས་ཀས་འཐབ་ཇུས་སྦྲེལ་མཐུད་དམ་ཟབ་བྱས་ནས། དངོས་སྒྲུབ་མཉམ་ལས་ཟབ་སྤེལ་བྱས་ཏེ། རྒྱལ་སྤྱིའི་ཕྱོགས་མང་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་པ་དང་། ཀྲུང་ཁྲའོ་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་ཀའི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་སྲུང་སྐྱོབ་བཅས་བྱས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོའི་ཏང་དང་སྲིད་གཞུང་གིས་དུས་སྐབས་གསར་པ་དང་གནས་བབ་གསར་པའི་འོག་ཏུ། ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་འབྲེལ་བར་ལྟ་སྟངས་ཡང་དག་བཟུང་ནས། ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀའི་སྲོལ་རྒྱུན་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བར་སྲུང་སྐྱོབ་ཡག་པོ་བྱེད་པ་དང་སྔར་ལས་སྲ་བརྟན་དུ་གཏོང་བ། འཕེལ་རྒྱས་ཡག་པོ་བཅས་གཏོང་རྒྱུ་ནི། ང་ཚོའི་བློ་བརྟན་འགྱུར་མེད་ཀྱི་བྱེད་ཕྱོགས་ཤིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་བར་ འབྲེལ་བ་བཙུགས་ནས་ལོ75འཁོར་བ་དང་། “ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་མཐུན་ལོ”གོ་སྐབས་སུ་བྱས་ནས། སྲོལ་རྒྱུན་གྱི་མཛའ་མཐུན་སྔར་ལས་དར་སྤེལ་གཏོང་བ་དང་། འཐབ་ཇུས་ངོས་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཚད་ཇེ་བརྟན་དུ་གཏོང་བ། བརྗེ་རེས་མཉམ་ལས་ཟབ་སྤེལ་བཅས་བྱས་ནས། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་འབྲེལ་བར་དུས་བསྟུན་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་མཛའ་མཐུན་ལེའུ་གསར་པ་ཞིག་མཉམ་དུ་བརྩམས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་ཏེ། ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་སྲུང་སྐྱོབ་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་ནན་གྱིས་གསུངས།

ཅིན་ཀྲིན་ཨུན་གྱིས་རྟེན་འབྲེལ་གློག་འཕྲིན་ནང་། 2024ལོ་ནི་ཁྲའོ་ཞན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་པས། དོན་སྙིང་ཆེན་པོ་ལྡན། མིག་སྔར་ཁྲའོ་ཞན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀའི་རང་རང་སོ་སོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་བཞག་འདི་ཉིད་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པ་དང་། རྒྱལ་སྤྱིའི་གནས་བབ་སྔར་ལས་རྙོག་འཛིང་ཅན་དུ་གྱུར་ཡོད། ཁྲའོ་ཞན་དང་ཀྲུང་གོའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས། 2024ལོ་དེ“ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་ལོར”གཏན་འཁེལ་བྱས་ནས། དུས་རབས་ཀྱི་བླང་བྱ་ལྟར་དུ། ཁྲའོ་ཞན་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་སྔར་ལས་ཇེ་དམ་དུ་གཏོང་རྒྱུ་ནི། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་ཐུན་མོང་གི་རེ་ལྟོས་དང་རེ་འདུན་དང་མཐུན་ཡོད། ཁྲའོ་ཞན་དང་ཀྲུང་གོའི་བར་གྱི་མཛའ་མཐུན་ནི། སྤྱི་ཚོགས་རིང་ལུགས་ཀྱི་འཐབ་རྩོད་ཁྲོད་བཙུགས་པར་མ་ཟད། དེ་སྔར་ལས་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་བ་ཞིག་ཡིན། ལོ་གསར་པའི་ནང་དུ། ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་ལོ་རྒྱུས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་འགྲོ་ངེས་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད། ཁྲའོ་ཞན་དང་ཀྲུང་གོའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས། “ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་ལོའི”བྱེད་སྒོ་དངོས་སུ་སྤེལ་བ་བརྒྱུད། ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་སོ་སོའི་བརྗེ་རེས་འགྲོ་འོང་ལ་ཤུགས་སྣོན་པ་དང་། མཛའ་མཐུན་དང་བརྩེ་སེམས་སྔར་ལས་ཇེ་དམ་ཇེ་ཟབ་དུ་གཏོང་བ། མཐུན་སྒྲིལ་གྱི་འབྲེལ་ཐག་ཇེ་དམ་དུ་གཏོང་བ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པའི་ཐུན་མོང་གི་འཐབ་རྩོད་ཁྲོད་མཉམ་ལས་ལ་སྔར་ལས་་ཤུགས་སྣོན་པ་བཅས་བྱས་ནས། ཁྲའོ་ཞན་དང་ཀྲུང་གོའི་འབྲེལ་བ་ཡི་ལེའུ་གསར་པ་ཞིག་རྩོམ་རྒྱུ་ཡིན་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།