ཀྲུང་གོ་དང་ཨ་མེ་རི་ཁའི་འགོ་ཁྲིད་པས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཏེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་འཁོར་བར་རྟེན་འབྲེལ་ཞུས།
2024.01.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 30

ཟླ་དང་པོའི་ཚེས་གཅིག་ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏེན་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཏེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ཁྲོད་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་བར་ཕྱི་འབྲེལ་བཙུགས་པ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་དང་རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་སྟེང་གི་དོན་ཆེན་ཞིག་ཡིན།    ལོ་ཞེ་ལྔའི་རིང་ལ།   ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བས་རྙོག་འཛིང་གི་གནས་བབ་བརྒྱུད་མྱོང་བ་དང་།  སྤྱིའི་ཆ་ནས་མདུན་དུ་འཕེལ་རྒྱས་སུ་སོང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མ་ཟད།  འཛམ་གླིང་གི་ཞི་བདེ་དང་གཏན་འཇགས།  དར་རྒྱས་བཅས་ཀྱི་ཐད་ཡར་སྐུལ་བྱས།    ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས།   མཉམ་ལས་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་ཆེན་པོ་གཉིས་བར་འབྲེལ་འདྲིས་བྱེད་པའི་ཡང་དག་པའི་ཐབས་ལམ་ཡིན་པ་དང་དུས་སྐབས་གསར་པའི་ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་བྱེད་ཡུལ་དུ་འགྱུར་བ་ལོ་རྒྱུས་ཀྱིས་ར་སྤྲད་ཟིན་ལ་ད་དུང་མུ་མཐུད་དུ་ར་སྤྲོད་བྱེད་ངེས་ཡིན་ཞེས་བསྟན།

ཞི་ཅིན་ཕིང་གིས་ང་དང་ཙུང་ཐུང་པའེ་ཏེན་གཉིས་ཀྱིས་ཅིག་ཅིན་ཧྲན་ནས་གྲོས་མོལ་བྱས་ཏེ་མ་འོངས་པར་ཁ་ཕྱོགས་པའི་ཅིག་ཅིན་ཧྲན་གྱི་འདོད་བློ་བཏོད་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་བསྟན།    ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དང་གྲུབ་འབྲས་དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་འགུལ་སྐྱོད་དངོས་ལ་བརྟེན་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་གཏན་འཇགས་དང་བདེ་ཐང་།རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཞི་ཅིན་ཕིང་གིས་ངས་ཙུང་ཐུང་པའེ་ཏེན་དང་མཉམ་དུ་འབད་བརྩོན་བྱས་ཏེ་མུ་མཐུད་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་ཁ་ཕྱོགས་སྟོན་པ་དང་།  ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་པར་མ་ཟད།   འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལས་དོན་ལ་ཡར་སྐུལ་བྱེད་འདོད་ཡོད་ཅེས་ནན་གྱིས་བསྟན།

པའེ་ཏེན་གྱིས་རྟེན་འབྲེལ་འཕྲིན་ཡིག་ཁྲོད་དུ།   1979ལོར་འབྲེལ་བ་བཙུགས་པའི་ཚུན་ལ།   ཨ་མེ་རི་ཁ་དང་ཀྲུང་གོ་བར་གྱི་འབྲེལ་བས་ཨ་མེ་རི་ཁ་དང་ཀྲུང་གོ་དང་འཛམ་གླིང་ཧྲིལ་བོའི་དར་རྒྱས་དང་གོ་སྐབས་ལ་ཡར་སྐུལ་བྱས།    ངས་འགན་ཁུར་བའི་སྒོ་ནས་འབྲེལ་བ་གལ་ཆེན་དེར་དོ་དམ་བྱེད་པར་ཤུགས་སྣོན་ངེས།   ངས་ང་ཚོའི་འགོ་ཁྲིད་རྒན་རབས་དག་དང་དེ་མིན་ངེད་གཉིས་ཀྱིས་ཐེངས་མང་པོར་གྲོས་མོལ་དང་གྲོས་སྡུར་བྱས་པའི་ཐད་བླངས་པའི་འཕེལ་རིམ་གྱི་རྨང་གཞིའི་སྟེང་དུ་ཨ་མེ་རི་ཁ་དང་ཀྲུང་གོ་འབྲེལ་བར་མུ་མཐུད་དུ་སྐུལ་འདེད་གཏོང་བར་རེ་བ་བཅངས་ཡོད་ཅེས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།