ཀྲུའུ་ཞི་ཞི་ཅིན་ཕིང་གི2024ལོའི་ལོ་གསར་ཤིས་ཚིག་ལ་དམག་ཡོངས་ཀྱི་དམག་དཔུང་གི་ཁྲོད་ཚུར་སྣང་ཆེན་པོ་བྱུང་།
2024.01.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་ལ་དམག་ཡོངས་ཀྱི་དམག་དཔུང་ཁྲོད་ཚུར་སྣང་ཆེན་པོ་བྱུང་བ་དང་། རྒྱ་ཆེའི་དཔོན་དམག་ཚོས་ཏང་གི་བཀོད་འདོམས་ལ་ཉན་པ་དང་། འབད་འཐབ་བྱས་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཡིད་ཆེས་ཀྱིས་བརྟས་པ། འབད་འབུངས་ཡར་བརྩོན་བཅས་བྱས་ནས། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཆེད་དུ་སྟོབས་ཤུགས་གསར་པ་ལེགས་སྐྱེས་སུ་འབུལ་དགོས་ཞེས་བསྟན།

ཡངས་ཤིང་རྒྱ་ཆེ་བའི་སྐྱོད་ལམ་དང་རླབས་ཆེན་གྱི་བྱ་གཞག་ལ་སྣེ་ཁྲིད་བྱེད་པའི་སྟོབས་ཤུགས་མཁོ། 2023ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་བརྩམས་པའི་ལོ་ཡིན་ལ། ལོ་གསུམ་རིང་གི་པྲོག་གསར་རིམས་ནད་འགོག་སྡོམ་གྱི་དུམ་མཚམས་བསྒྱུར་རྗེས་ཀྱི། དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་བཏང་བའི་ལོ་ཞིག་ཀྱང་ཡིན། ལོ་གཅིག་རིང་གི་ལག་ལེན་གྱིས། “གཏན་ཕབ་གཉིས”ནི་ང་ཚོས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད་པ་སླར་ཡང་ར་སྤྲོད་བྱས་ཡོད། དམག་ཡོངས་ཀྱི་དཔོན་དམག་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱེད་པ། དམག་འཐབ་གྲ་སྒྲིག་དང་དམག་འཐབ་ལ་རྩེ་གཅིག་ཏུ་གཞོལ་ནས། དུས་བཅད་ལྟར་དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཟེར།

ནུབ་བྱང་བྱེ་ཐང་ཆེན་མོའི་ཕྱི་རོལ་གྱི་སྦྱོང་བརྡར་བྱེད་གནས་ནས་ཤར་ལྷོའི་མཚོ་རྒྱུད་ཀྱི་སྦྱོང་བརྡར་བྱེད་གནས་བར་དང་། མཐའ་སྲུང་སོ་ལྟ་ཁང་ནས་རྒྱ་མཚོ་ཆེན་མོའི་སྲུང་སྐྱེལ་རུ་ཁག་བར་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་རྒྱ་ཆེའི་དཔོན་དམག་ཚོར་ཕྲག་སྟེང་གི་འགན་འཁྲི་གསལ་བོར་ཚོར་དུ་བཅུག དཔོན་དམག་ཚོས་སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཚབས་ཀྱི་འདུ་ཤེས། དམག་འཐབ་ཀྱི་འདུ་ཤེས་བཅས་སྔར་ལས་ཇེ་བརྟན་དུ་བཏང་ནས། དུས་རབས་གསར་པར་རྒྱལ་ཁ་ལེན་པའི་ནུས་པ་མགྱོགས་མྱུར་ངང་ཆེ་རུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། འགྱུར་མེད་སྟོབས་ལྡན་གྱི་འཐབ་ཇུས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།