རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཆེད་དོན་བཀོད་གཏོང་གྲོས་ཚོགས་ཟི་ལིང་དུ་བསྡུས།
2024.01.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

ཟླ་དང་པོའི་ཚེས་གཉིས་ཉིན། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཆེད་དོན་བཀོད་གཏོང་གྲོས་ཚོགས་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ནན་གྱིས་བསྟན་དོན། བསམ་བློ་གཅིག་གྱུར་བྱེད་པ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། གོ་སྐབས་དམ་འཛིན་བྱེད་པ་དང་། གཅིག་འདོམས་ལ་ཤུགས་སྣོན་པ་བརྒྱུད་དེ་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཀྱི་གྲུབ་ཚུལ་རང་བཞིན་དང་བྱེད་ནུས་རང་བཞིན་གྱི་གནད་དོན་ཐག་གཅོད་པ་དང་། འཆར་འགོད་དང་སྲིད་ཇུས། རྟེན་གཞི། ལས་གཞི། ཁེ་ལས་བཅས་གནས་ལྔ་གཞི་གཅིག་གི་སྐུལ་སྤེལ་རྣམ་པ་མྱུར་དུ་འཛུགས་སྐྲུན་བྱས་ནས། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། དག་གཙང་ནུས་ཁུངས་ཐོན་ལས་ནི་རང་ཞིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གོ་སྐབས་གལ་ཆེན་ཡིན་པ་དང་། མཚོ་སྔོན་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཁྲོད་འདྲེས་པར་བྱས་ནས། འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་རྒྱལ་ཁབ་ཀྱི་ཐཱན་གཉིས་དམིགས་འབེན་མངོན་འགྱུར་བྱེད་པའི་ཁག་ཁུར་དང་བྱས་རྗེས་དེ་ལས་ཀྱང་ཡིན། འཆར་འགོད་སྒྲིག་བཟོ་བྱེད་པའི་ཐད་ནས་གཅིག་འདོམས་བཀོད་སྒྲིག་ལ་དོ་སྣང་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་སྤྱི་ཁོག་གི་བཀོད་སྒྲིག་ལྟར། རྒྱལ་ཁོངས་བར་སྟོང་དང་ཆུ་བེད་སོགས་ཆེད་དོན་འཆར་འགོད་བར་གྱི་འཆར་འགོད་སྦྲེལ་མཐུད་ལ་ཤུགས་བསྣན་ནས། ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཇགས་ཆེན་པོ་དང་ལེགས་སྒྲིག་ཆུང་བ། ལེགས་སྒྱུར་བྱེད་པའི་ཞིང་ཆེན་ནང་ཁུལ་གྱི་འཆར་འགོད་བཀོད་སྒྲིག་གཏན་འབེབས་བྱེད་དགོས། སྲིད་ཇུས་གཏན་འབེབས་བྱེད་པའི་ཐད་ནས་དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྤུན་ཟླ་ཞིང་ཆེན་གྱི་ཉམས་མྱོང་བྱེད་ཐབས་ལ་སློབ་སྦྱོང་དང་དཔེ་ལྟ་བྱེད་པ། འགག་སྒྲོལ་གསར་གཏོད་བྱེད་ཕོད་པར་བྱས་ཏེ། ཚོང་རས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་ཐུབ་པར་བྱེད་པ་དང་། སྲིད་གཞུང་གི་ནུས་པ་འདོན་སྤེལ་བྱེད་པ། སྲིད་ཇུས་ཀྱི་མཉམ་ལས་ཕན་ནུས་འདོན་སྤེལ་བཟང་བོ་བྱེད་དགོས། རྟེན་གཞི་འཛུགས་སྐྲུན་ཐད་ནས་འཛུགས་ཚད་དང་སྤུས་ཚད་ལ་འགན་སྲུང་བྱེད་པ་དང་། གློག་དྲ་མཉམ་སྦྲེལ་མཉམ་མཐུད་བྱེད་པ། ཞིང་ཆེན་ཡོངས་ཀྱི་རྐང་འཛིན་གློག་དྲ་འཛུགས་སྐྲུན་ལ་ཤུགས་སྣོན་པ། གློག་ཁུངས་འཛུགས་སྐྲུན་འདེགས་སྐྱོར་ལ་ཤུགས་སྣོན་པ། གསོག་ནུས་ཀྱི་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་བཟང་བོ་བྱས་ཏེ། རྟེན་གཞི་ཆེན་པོའི་ལས་གཞི་ནང་འདྲེན་བྱེད་ཐུབ་པ་དང་ལག་བསྟར་བྱེད་ཐུབ་པ། འཛུགས་སྐྲུན་བྱེད་ཐུབ་པར་བྱེད་དགོས། ལས་གཞི་བཀོད་སྒྲིག་ཐད་ནས་ཚན་རིག་དང་མཐུན་པ་དང་ལུགས་དང་མཐུན་པར་བྱེད་པ་དང་། བསམ་བཀོད་གཅིག་གི་བསམ་བློ་ཇེ་བརྟན་དུ་གཏོང་བ། ཁུངས་ཐེག་འཕེལ་རྒྱས་ལ་སྙོམ་སྒྲིག་བྱེད་པ། ཐོན་ལས་ཆ་སྡེབས་འཐུས་ཚང་དུ་གཏོང་བ། ནུས་ཟད་ཚོད་འཛིན་གཉིས་ལ་སྐུལ་འདེད་གཏོང་བ། ལྗང་གློག་དགེ་མཚན་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ། ལྗང་མདོག་ནུས་ཁུངས་ཀྱི་མཚན་བྱང་གྲགས་ཅན་བཀོལ་སྤྱོད་བཟང་བོ་བྱས་ནས། དག་གཙང་ནུས་ཁུངས་ཐོན་ལས་ཀྱི་དགེ་མཚན་ལ་བརྟེན་ནས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་དགོས། ཁེ་ལས་འཕེལ་རྒྱས་ཐད་ནས་སྒུལ་ཤུགས་ཆེར་བསྐྱེད་པ་དང་། སྲིད་ཇུས་འཆར་འགོད་དང་མ་ལག་ཚང་བར་སྐུལ་འདེད་གཏོང་བ། ཐོན་ལས་མཉམ་འབྲེལ་ལ་ཤུགས་བསྣན་ནས། ཡོངས་བསྒྲགས་ཁ་གསལ་གྱི་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་དགོས། དེ་ལས་གཞན། ཤེས་ལྡན་མི་སྣ་དམ་འཛིན་བྱེད་པ་དང་། ཆེད་ལས་ཤེས་ལྡན་མི་སྣ་དང་རྩལ་ནུས་ཤེས་ལྡན་མི་སྣ། རྐང་འཛིན་ཤེས་ལྡན་མི་སྣའི་སྐྱེད་སྲིང་གཙིགས་སུ་བཟུང་སྟེ། ཐོན་ལས་འཕེལ་རྒྱས་ལ་འཚམ་པའི་ཤེས་ལྡན་མི་སྣའི་དཔུང་སྡེ་ཞིག་བསྐྲུན་དགོས།

ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། རྒྱལ་ཁབ་དག་གཙང་ནུས་ཁུངས་ཀྱི་ཐོན་ལས་ཀྱི་གནས་བཞི་གསར་སྐྲུན་བྱེད་རྒྱུ་ནི་གོ་སྐབས་གསར་བ་དམ་འཛིན་བྱེད་པ་དང་། སྒུལ་ནུས་གསར་བ་སྐྱེད་སྲིང་བྱེད་པའི་རྐང་འཛུགས་ས་གཙོ་བོ་ཡིན་པས། བཀོད་གཏོང་ཉོ་ཚོང་ལེགས་སྒྱུར་བྱེད་པ་དང་། གློག་ཁུངས་ཀྱི་འདེགས་སྐྱོར་ཇེ་མགྱོགས་སུ་གཏོང་བ། གློག་དྲ་འཛུགས་སྐྲུན་ལ་ཤུགས་སྣོན་པ། གློག་རིན་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། མཚོ་སྔོན་དང་ཧི་ནན་བར་གྱི་ཐད་རྒྱུག་གློག་སྐྱེལ་གྱི་ལོ་གསུམ་འགུལ་སྐྱོད་ལག་བསྟར་ཟབ་མོ་བྱེད་དགོས། རྒྱུན་མཐུད་ངང་རྗེས་འདེད་བྱེད་པ་དང་ཇུས་འགོད་བཟང་བོ་བྱེད་པ་དང་། རྩེ་འཐེན་ནུས་པ་མཐོར་འདེགས་གཏོང་བ། མེ་གློག་འཕེལ་རྒྱས་ཀྱི་གྲུབ་ཚུལ་ལེགས་སྒྱུར་བྱས་ཏེ། མཐོ་གནོན་ཕྱིར་སྐྱེལ་བགྲོད་ལམ་གཉིས་པ་དང་གསུམ་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། གོ་རིམ་ལྡན་པའི་སྒོ་ནས་ནུས་ཟད་ཚོད་འཛིན་གཉིས་ཐཱན་ཕྱིར་གཏོང་གི་ཚོད་འཛིན་གཉིས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ། ལྗང་གློག་ཉོ་ཚོང་དང་ངོས་ལེན་མ་ལག་འཛུགས་པ། ལྗང་མདོག་རྩིས་ཤུགས་མཚོན་བྱེད་དུ་བྱས་པའི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། ལྗང་མདོག་རིན་གྲངས་མཐོར་འདེགས་བཏང་ནས། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་དེ་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ཏུ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནུས་ཁུངས་ཅུའུ། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི། མཚོ་ནུབ་ཁུལ་དང་ཟི་ལིང་གྲོང་ཁྱེར། མཚོ་སྔོན་ཀའོ་ཅིན་ཉི་འོད་ནུས་པའི་ཚན་རྩལ་ཚད་ཡོད་ཀུང་ཟི་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་གཏམ་བཤད། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ཡིག་ཐོག་བརྗེ་རེས་བྱས།

གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ལ། གྲོང་ཁྱེར་དང་ཁུལ། རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད།  ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཚེ་རིང་ཐར། ཝང་ལིན་ཧུའུ། ཀྲུའུ་ཞང་ཧྥིན། ལོའུ་ཀང་། ལིའུ་ཁྲའོ་བཅས་སོ་སོར་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་ནས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།