ལིས་ཆང་གིས་འཇར་པན་ཧྲི་ཁྲོན་རྫོང་ལ་ས་ཡོམ་བྱུང་བའི་ཐད་འཇར་པན་གྱི་དབུ་བཞུགས་བློན་ཆེན་ལ་འཚམས་འདྲིའི་གློག་འཕྲིན་བཏང་།
2024.01.03 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 42

ཟླ་དང་པོའི་ཚེས3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་འཇར་པན་གྱི་ཧྲི་ཁྲོན་རྫོང་ལ་ས་ཡོམ་བརྒྱབ་པའི་ཐད་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ལིས་ཆང་གིས་བསྟན་དོན། ཁྱེད་ཚོའི་རྒྱལ་ཁབ་ཀྱི་ཧྲི་ཁྲོན་རྫོང་དུ་ས་ཡོམ་དྲག་པོ་བྱུང་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་པ་ཤེས་རྟོགས་བྱུང་བས། ངས་ཀྲུང་གོ་སྲིད་གཞུང་གི་ཚབ་བྱས་ནས་རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཟབ་མོ་ཞུ་རྒྱུ་དང་། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མི་དང་རྨས་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། ཁྱེད་ཚོའི་རྒྱལ་ཁབ་ཀྱི་སྲིད་གཞུང་གི་འགོ་ཁྲིད་འོག་གནོད་འཚེ་ཕོག་ཁུལ་མི་དམངས་ཀྱིས་དཀའ་ངལ་མགྱོགས་མྱུར་ངང་སེལ་ནས་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་ཐུབ་པར་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་ལ་ཡོམ་འགོག་གནོད་སྐྱོབ་ཐད་དགོས་ངེས་ཀྱི་རྒྱབ་སྐྱོར་བྱེད་འདོད་ཡོད།

ཤ་བོ་གསེར་མཚོས་བསྒྱུར།