ཏེན་ཞུའེ་ཞང་གིས་པེ་ཅིང་དུ་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཁྱབ་བཤེར་ཐེངས་ལྔ་པའི་ཐོ་འགོད་བྱ་བར་རྟོག་ཞིབ་གནང་།
2024.01.03 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 23

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཁྱབ་བཤེར་ཐེངས་ལྔ་པའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཏེན་ཞུའེ་ཞང་གིས་ཚེས3ཉིན་གྱི་སྔ་དྲོར་པེ་ཅིང་དུ་དཔལ་འབྱོར་ཁྱབ་བཤེར་ཐོ་འགོད་བྱ་བར་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཁྱབ་བཤེར་ཐེངས་ལྔ་པ་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་རྒྱལ་ཁབ་ཀྱི་གནས་ཚུལ་དང་སྟོབས་ཤུགས་ལ་བརྟག་དཔྱད་བྱེད་ཐེངས་གལ་ཆེན་ཞིག་ཡིན་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་ཁྲིམས་ལྟར་ཡོངས་ཁྱབ་ཞིབ་བཤེར་དང་། ཚན་རིག་དང་མཐུན་པའི་ཡོངས་ཁྱབ་ཞིབ་བཤེར། དམངས་ཀྱི་ཆེད་དུ་ཡོངས་ཁྱབ་ཞིབ་བཤེར་བཅས་མཐའ་འཁྱོངས་བྱས་ཏེ་རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནས་ཚུལ་ཁྱོན་ཡོངས་དང་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་མཚོན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྱུར་ལྡོག་གསར་པ་དང་ཁྱད་ཆོས་གསར་པ་སྟངས་འཛིན་ཡང་དག་བྱས་ཏེ་ཚན་རིག་དང་མཐུན་པའི་འཆར་འགོད་དང་སྲིད་ཇུས་གཏན་འབེབས་བྱེད་ཆེད་ཆ་འཕྲིན་གྱི་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་གཏོང་དགོས།

ཏེན་ཞུའེ་ཞང་ཐོག་མར་ཀྲུང་གོ་མཁའ་འགྲུལ་སྣུམ་རྒྱུ་ཚད་ཡོད་འགན་འཁྲི་ཀུང་ཟིར་འབྱོར། ཁོང་གིས་བསྟན་དོན། བསྡོམས་རྩིས་ཀྱི་ཚེ་སྲོག་ནི་བདེན་པ་ཡིན་པས་ངེས་པར་དུ་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་ཀྱིས་བརྒྱུད་རིམ་ཧྲིལ་པོའི་གཞི་གྲངས་སྤུས་ཚད་ཚོད་འཛིན་ཡག་པོ་བྱེད་དགོས། གཞི་ཁྱོན་ཡན་གྱི་ཚན་པའི་བསྡོམས་རྩིས་ཀྱི་རྨང་གཞི་ཅུང་ཡག་པོ་ཡིན་པས་རེའུ་མིག་རེ་རེ་བཞིན་ཇི་མ་ཇི་བཞིན་འབྲི་དགོས་པ་དང་། དམིགས་ཚད་རེ་རེ་བཞིན་ཞིབ་བཤེར་བྱས་ནས་ཡོངས་བཤེར་བྱས་པའི་གཞི་གྲངས་འཚོལ་བསྡུ་དང་ཐག་གཅོད་བྱེད་པའི་མ་ལག་བརྒྱུད་ནས་དུས་ཐོག་ཏུ་གནད་ལ་འཁེལ་བའི་སྒོ་ནས་སྐྱེལ་དགོས། ཡོངས་བཤེར་ལས་ཁུངས་ཀྱིས་སྙན་ཞུ་དང་མཉམ་དུ་ཞིབ་བཤེར་བྱེད་དགོས་པ་དང་ཡོངས་བཤེར་བྱེད་མཁན་གྱིས་གནས་ཚུལ་ཞིབ་དཔྱད་བྱེད་རྒྱུར་རྩ་འཛུགས་བྱས་ཏེ་འབྱུང་རྩ་ནས་གཞི་གྲངས་བདེན་པ་དང་། ཡང་དག་པ། བློ་གཏད་ཆོག་པ་བཅས་ཡོང་རྒྱུར་འགན་ལེན་བྱེད་དགོས།

དེའི་རྗེས་ཏེན་ཞུའེ་ཞང་དམངས་གཉེར་མཐོ་གསར་ལག་རྩལ་ཁེ་ལས་ལན་ཡིའུ་ཚན་རྩལ་ཚད་ཡོད་ཀུང་ཟིར་བསྐྱོད་དེ་གཞི་ཁྱོན་མན་གྱི་ཚན་པས་ཁྱབ་བཤེར་ཐོ་འགོད་བྱས་ཚུལ་ལ་ལྟ་ཞིབ་བྱས་ནས་ཁེ་ལས་ལ་དགོས་མཁོ་ཡོད་པའི་ཐོན་སྐྱེད་གཉེར་སྐྱོང་དང་། ཞིབ་འཇུག་གསར་སྤེལ་བྱེད་སྒོ། མི་སྣའི་གླ་ཆ་སོགས་ཀྱི་ཞིབ་ཕྲའི་ཆ་འཕྲིན་འདྲི་རྩད་བྱས། ཁོང་གིས་བསྟན་དོན། རང་རྒྱལ་གྱི་དཔལ་འབྱོར་གསར་པ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཐོན་ལས་གཞི་གྲངས་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཕྱོགས་སྒྱུར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། བྱེད་སྟངས་གསར་པ་བཅས་ཀྱི་བསྡོམས་རྩིས་ཡག་པོ་བྱས་ནས་སྔར་ལས་གནད་སྨིན་ནུས་ལྡན་གྱི་སྲིད་ཇུས་བྱེད་ཐབས་བཟོ་བ་དང་། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་གང་མགྱོགས་སྒོས་ཆགས་རྒྱུར་བློ་གཏད་ཆོག་པའི་གཞི་འཛིན་ས་མཁོ་འདོན་བྱེད་དགོས། ཁྱབ་བཤེར་ཐོ་འགོད་བྱེད་རྒྱུ་ཚད་ལྡན་བཟོས་ནས་ཁྱབ་བཤེར་བྱ་ཡུལ་གྱི་མི་སྒེར་གྱི་ཆ་འཕྲིན་དང་ཚོང་ལས་ཀྱི་གསང་དོན་སྲུང་དགོས་པ་དང་། ཁྱབ་བཤེར་བྱས་ནས་ཐོབ་པའི་ལས་ཁུངས་དང་མི་སྒེར་གྱི་དཔྱད་གཞིའི་ཡིག་ཆ་རྣམས་དཔལ་འབྱོར་ཁྱབ་བཤེར་བྱེད་རྒྱུའི་དམིགས་ཡུལ་ཁོ་ནར་ཚོད་འཛིན་ནན་མོ་བྱེད་དགོས།

མཇུག་མཐར་ཏེན་ཞུའེ་ཞང་ཀྲུང་ཀོན་སྡེ་བའི་ཁྲོམ་གཞུང་དོན་གཅོད་ཁང་དུ་བསྐྱོད་དེ་གཞི་རིམ་གྱི་ཁྱབ་བཤེར་མི་སྣར་འཚམས་འདྲི་བྱས། ཁོང་གིས་བསྟན་དོན། རྒྱ་ཆེའི་ཁྱབ་བཤེར་མི་སྣ་ནི་ཁྱབ་བཤེར་བྱ་བ་སྤེལ་བའི་སྟོབས་ཤུགས་གཙོ་བོ་ཡིན་པས་འགན་འཁྲིའི་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། བྱ་བའི་བརྒྱུད་རིམ་དང་ཚད་གཞི་བརྩི་སྲུང་ནན་མོ་བྱེད་པ། རང་འགན་གཙང་སྒྲུབ་ནན་ཏན་བཅས་བྱེད་དགོས། རིམ་པ་སོ་སོའི་ཁྱབ་བཤེར་ལས་ཁུངས་ཀྱིས་གཅིག་གྱུར་འཆར་འགོད་དང་། མཐུན་སྦྱོར། ལྟ་སྐུལ་མཛུབ་ཁྲིད་བཅས་ལ་ཤུགས་སྣོན་པ་དང་སྲིད་ཇུས་དྲིལ་བསྒྲགས་འགྲེལ་བཤད་ལ་ཤུགས་བསྣན་ནས་ཁྱབ་བཤེར་ལས་དོན་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པར་འགན་ལེན་བྱེད་དགོས།

ཤ་བོ་གསེར་མཚོས་བསྒྱུར།