
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ་དང་པོའི་ཚེས་གཉིས་ནས་ཚེས་གསུམ་ཉིན་བར་ཧུའུ་པེ་རུ་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། དུས་ཚོད་དམ་འཛིན་དང་འབད་འབུངས་ལྷོད་མེད་ངང་མགོ་ནས་དམ་འཛིན་བྱེད་པ་དང་དངོས་སྒྲུབ་བྱེད་པ། སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་པ་མྱུར་དུ་འཕེལ་རྒྱས་སུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གོམ་པ་གསར་བ་སྤོ་བ་དང་ད་ལོའི་དཔལ་འབྱོར་བྱ་བའི་མགོ་ཡག་པོར་རྩོམ་དགོས།
དབྱི་ཁྲང་དུ་ལིས་ཆང་སྔོན་ལ་ཀི་ཀྲོའུ་ཆུ་བེད་ལྟེ་བའི་བཟོ་སྐྲུན་དུ་ཕེབས་ནས་ཧུའུ་པེ་ཞིང་ཆེན་གྱིས་འབྲི་ཆུའི་སྲུང་སྐྱོབ་ཆེན་མོ་དང་འབྲི་ཆུའི་འགག་གསུམ་གྱི་ཆུ་ཐོག་སྐྱེལ་འདྲེན་གྱི་ལམ་ཐིག་གསར་བ། ཅིན་ཧན་ཆུ་ཐོག་སྐྱེལ་འདྲེན་འཆར་འགོད་སོགས་ཀྱི་སྙན་ཞུར་ཉན། ཁོང་གིས་ནན་གྱིས་བསྟན་དོན། ཚན་རིག་གི་ཆོས་ཉིད་ལ་བརྩི་བཀུར་བྱེད་པ་དང་འཆར་འགོད་རིགས་སྒྲུབ་དང་ལས་གཞིར་སྐུལ་འདེད་གཏོང་བ། འབྲི་ཆུའི་སྐྱེལ་འདྲེན་དང་ཆུ་བེད། སྐྱེ་ཁམས། རིག་གནས་ཡུལ་སྐོར་སོགས་སྣ་འཛོམས་ཕན་ནུས་སྔར་ལས་ལྷག་པར་འདོན་དགོས། དེའི་རྗེས་ལིས་ཆང་ཞིན་ཧྥ་སྡེ་ཚོགས་སུ་སོང་ནས་ཁེ་ལས་ཀྱི་གསར་སྒྱུར་རིམ་སྤོར་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། འབྲི་ཆུའི་བཙོག་འབུད་འགག་སྒོའི་དག་ཐེར་དང་འབྲི་ཆུའི་འགྲམ་རྒྱུད་སྤོར་སྤྲོད་གནས་ཚུལ་ལ་ལྟ་ཞིབ་བྱས། ཁེ་ལས་ཀྱིས་རྒྱུན་མཐུད་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་དང་སྐྱེ་ཁམས་སྔོན་ལ་འཛིན་པ། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་ཡག་པོར་བསྐྱོད་དགོས། པང་ཕུའུ་སྦྲེལ་ཐག་ཧྲིལ་བོ་གཞི་གཅིག་ཅན་གྱི་ཐོན་ལས་གླིང་དུ་ལིས་ཆང་གིས་ཁེ་ལས་ཀྱིས་གློག་གཡིས་རྙིང་བ་ཕྱིར་བསྡུས་བེད་སྤྱོད་དང་འཁོར་སྐྱོད་དཔལ་འབྱོར་གྱི་བྱེད་ཐབས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོ་ཚོས་ཐོན་ལས་ཕྲེང་འབྲེལ་རིན་ཐང་ཕྲེང་འབྲེལ་ཡག་ཤོས་ལ་དམིགས་ནས་ལྗང་མདོག་ཐཱན་དམའ་ཡི་དཔལ་འབྱོར་འཕེལ་རྒྱས་སྔོན་ལ་འཕེལ་རྒྱས་སུ་གཏོང་དགོས།
ཝུའུ་ཧན་དུ་ལིས་ཆང་གིས་སྔ་གཞུག་ཏུ་འབྲི་ཆུའི་ཉར་གསོག་དང་ཧྭ་ཀུང་སྐུལ་འོད་ཀུང་སིའི་ཐོན་སྐྱེད་ཕྲེང་འབྲེལ་ལ་ལྟ་ཞིབ་བྱས་ཏེ། ཉིང་ལྷེབ་དང་སྐུལ་འོད་ཐོན་ལས་འཕེལ་རྒྱས་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ལིས་ཆང་གིས་ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གཙོ་གཞིའི་ནུས་པ་སྔར་ལས་ལྷག་པའི་སྒོ་ནས་འདོན་སྤེལ་བྱས་ནས་ཐོན་སྐྱེད་རིགས་ཀྱི་ཞིབ་འཇུག་དང་གསར་གཏོད་མཐུན་སྦྱོར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གནད་ཁེལ་སྒོས་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པ། ཚན་ཞིབ་གྲུབ་འབྲས་སྔར་ལས་ལྷག་པའི་སྒོ་ནས་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་པར་སྒྱུར་དགོས། ཝུའུ་ཧན་སློབ་ཆེན་གྱི་རྒྱང་ཚོར་ཆ་འཕྲིན་བཟོ་སྐྲུན་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དུ་ལིས་ཆང་གིས་བཟོ་སྐྲུན་གལ་ཆེན་གསར་སྤེལ་དང་ཞིབ་འཇུག་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། གྲུབ་འབྲས་ཁས་ལེན་གང་ལེགས་བྱས། ཁོ་ཚོས་ནུས་ཤུགས་ཡོད་རྒུས་ཁོར་ཡུག་སྣ་མང་ནས་བཀོལ་སྤྱོད་བྱེད་པ་དང་གསར་གཏོད་ཐོན་ཁུངས་སྔར་ལས་མང་པོ་གཅིག་བསྡུས་དག་སྒྲིག་བྱེད་པ། གནད་འགག་གི་རྩ་བའི་ལག་རྩལ་ཐད་ཐོལ་བརྒལ་ཡོད་པ་དང་རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་བརྩོན་ཐད་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།
ཨི་ཀྲོའུ་རུ་ལིས་ཆང་ཧྭ་ཧུའུ་འབབ་ཐང་དུ་ཡོང་ནས་འབབ་ཐང་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཧྲིན་ཧྥུན་གྱི་དངོས་ཟོག་དབྱེ་འབྱེད་ལ་ལྟ་ཞིབ་བྱས། ཁོས་བསྟན་དོན། ཧྭ་ཧུའུ་འབབ་ཐང་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཁའ་ལམ་ཟོང་སྐྱེལ་ལྟེ་གནས་ལ་ས་གནས་ཀྱི་ལེགས་ཆ་དང་རྨང་གཞིའི་ཆ་རྐྱེན་མངོན་གསལ་ཡོད་ལ། འཛུགས་སྐྲུན་གྱི་སྐྱེལ་འདྲེན་ཆུ་ཚད་ཇེ་མཐོར་བཏང་ནས་གྲུབ་ཚུལ་གསར་བར་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས།
ལིས་ཆང་གིས་ཧུའུ་པེ་ཡི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོས་ནན་གྱིས་བསྟན་དོན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱིས་ད་ལོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཡོད་ལ། ཧུའུ་པེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧུའུ་པེའི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་པ་དང་འབད་འབུངས་ལྷོད་མེད་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་གསར་བས་རྒྱལ་ཡོངས་་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བྱས་རྗེས་གསར་བ་འཇོག་དགོས།
ཝུའུ་ཀྲིན་ལུང་རྟོག་ཞིབ་ཁྲོད་ཞུགས།
མི་ཕམ་མགོན་པོས་བསྒྱུར།