ཞི་ཅིན་ཕིང་གིས་དབྱི་ལང་དུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་བྱུང་བའི་ཐད་དབྱི་ལང་གི་ཙུང་ཐུང་ལའེ་ཞི་ལ་འཚམས་འདྲིའི་གློག་འཕྲིན་བཏང་།
2024.01.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 113

ཟླ་དང་པོའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ལང་དུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་བྱུང་བའི་ཐད་ནས་དབྱི་ལང་གི་ཙུང་ཐུང་ལའེ་ཞི་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། དབྱི་ལང་རྒྱལ་ཁབ་ཀྱི་ཁི་ཨར་མན་ཞིང་ཆེན་དུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་བྱུང་ནས་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པ་གོ་བྱུང་། ངས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ། རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཞུས་པ་ཡིན་ལ། ཁོ་ཚོའི་ཁྱིམ་མི་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་གང་ཡང་རུང་བའི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། འཇིགས་སྐུལ་རིང་ལུགས་ཀྱི་སྤྱོད་ཚུལ་ལ་རྒོལ་གཏམ་དྲག་པོ་བཏང་བ་ཡིན་ཞིང་། དབྱི་ལང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་ཆེན་པོ་བྱེད་ངེས་ཡིན།

མི་ཕམ་མགོན་པོས་བསྒྱུར།