ཟླ་དང་པོའི་ཚེས4ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅོན་གྱིས་སྔ་གཞུག་ཏུ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་ལེན་དོན་འཁྱོལ་བྱས་པར་མ་ཟད། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2024ལོའི་ལོ་གསར་གྱི་ཤིས་ཚིག་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་གསར་ཇ་སྟོན་ཚོགས་འདུ་དང་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ130འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཆེད་དོན་འཚོ་བའི་ཚོགས་འདུ་བཅས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་བསྟན་དོན། སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་ལེན་པའི་ཁྲོད་ཡིད་ཆེས་དང་གདིང་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ནས་མི་དམངས་མང་ཚོགས་ཀྱིས་འཚོ་བ་སྔར་ལས་བཟང་བོ་སྐྱེལ་ཐུབ་པར་འབད་བརྩོན་བྱེད་དགོས། བློ་མཐུན་མའོ་ཙེ་ཏུང་གི་འོད་སྟོང་འཕྲོ་བའི་དགོངས་པ་དང་བླ་ན་མེད་པའི་བསམ་པའི་ཉམས་འགྱུར་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་ཚོགས་འདུ་ཚད་གཞིར་འཛིན་པ་དང་སྣེ་ཁྲིད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ནས་སྲིད་གཞུང་ཏང་ཙུའུ་ཡི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུ་དང་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ། ཀོང་ཞི་དང་ཧྲང་ཧའེ་རུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་བསྟན་དོན། ཏང་ཀྲུང་དབྱང་གི་ད་ལོའི་དཔལ་འབྱོར་བྱ་བ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་བཅས་ཡག་པོར་བསྒྲུབ་པའི་སྐོར་གྱི་བཀོད་སྒྲིག་དང་བླང་བྱ་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས“ལག་བསྟར་དམ་འཛིན་བཞི”མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་གྱི་སྤུས་མཐོ་ནུས་ལྡན་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་ས་ཁོངས་འཐབ་ཇུས་གལ་ཆེན་དང་འབྲེལ་མཐུད་གཏིང་ཟབ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་ཆེར་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་མཉམ་དུ་ཕྱུག་པོར་འགྱུར་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ནས་ཕན་འབྲས་དངོས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས། ཀྲུང་དབྱང་ཕྱི་དོན་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཟམ་མི་ཆད་པར་ཐོབ་པར་བྱེད་དགོས། གནོད་འཚེ་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱེད་དགོས། རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྤྱི་ཡོངས་ལ་ཞབས་འདེགས་སྔར་ལས་ལེགས་པོ་ཞུས་ནས་ཕྱི་འབྲེལ་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་བསྟན།
ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་པ་ཐོན་ལ་ཉེ་བའི་སྐབས་སུ་གནང་བའི་མཛུབ་སྟོན་གལ་ཆེན་དང་སྐབས་དང་པོའི་“ལེང་ཀྲུའུ་གླེང་སྟེགས”། 2023ལོའི“ཀྲུང་གོར་རྒྱུས་ལོན་བྱེད”ཅེས་པའི་རྒྱལ་སྤྱིའི་ཚོགས་འདུ། “2023ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”བཅས་ལ་བསྐུར་བའི་རྟེན་འབྲེལ་འཕྲིན་ཡིག་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ནས་རྩ་ཁྲིམས་ཀྱི་ལག་བསྟར་དང་དྲིལ་བསྒྲགས། སློབ་གསོ་བཅས་ཀྱི་བྱ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རང་རྟོགས་ངང་རྩ་ཁྲིམས་ལ་གོང་བཀུར་བྱེད་མཁན་དང་། རང་རྟོགས་ངང་རྩ་ཁྲིམས་བརྩི་སྲུང་བྱེད་མཁན། བློ་བརྟན་འགྱུར་མེད་ངང་རྩ་ཁྲིམས་ལ་སྲུང་སྐྱོབ་བྱེད་མཁན་བཅས་བྱས་ཏེ་ཐབས་ལམ་མང་པོ་དང་ཕྱོགས་ཡོངས་ནས་མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོར་བཤད་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་བརྟན་འཇགས་ངང་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱེད་དགོས་པ་དང་། རྫོང་ཁོངས་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། མཉམ་འགོག་མཉམ་བཅོས་ཀྱི་བྱ་བའི་ལམ་སྲོལ་དང་རིམ་དབྱེ་ཁག་བགོས་ཀྱི་སྐྱོབ་བཅོས་ལམ་སྲོལ་འཐུས་ཚང་དུ་བཏང་ནས་འགོས་ནད་ཚབས་ཆེན་འགོས་མཆེད་འགྲོ་བར་སྔོན་འགོག་བྱེད་དགོས་ཞེས་བསྟན།
ཚོགས་འདུའི་ཐོག2023ལོའི་དམངས་ཚིས་དོན་དངོས་བཟོ་སྐྲུན་ཡོངས་འགྲུབ་བྱས་པའི་གནས་ཚུལ་དང2024ལོའི་བཀོད་སྒྲིག་གྲོས་གཞིའི་སྙན་ཞུ་ལ་ཉན་པར་མ་ཟད། སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་དམངས་ཚིས་བྱ་བ་དངོས་ཡག་པོར་སྒྲུབ་པ་དང་གནད་གཅིག་གིས་ཁྱོན་ཡོངས་ལ་སྐུལ་ཁྲིད་བྱས་ནས་མི་དམངས་མང་ཚོགས་ཀྱི་དོ་ཁུར་ཆེ་ཤོས་དང་ཁོ་ཚོར་ཆེས་ཐད་ཀར་དུ་འབྲེལ་བ་ཡོད་པ། ཁོ་ཚོའི་ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག《དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ》དང《གྲོང་གསེབ་ཀྱི་ཁང་སར་ཞིབ་མཆན་འགོད་རྒྱུར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བྱེད་ཐབས་འགའ》《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2024ལོའི་ཁྲིམས་འཛུགས་བྱ་བའི་འཆར་གཞིའི(འཆར་ཟིན)》བཅས་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་ཐོག་གྲོས་འཆམ་བྱུང་།
ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས།