ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2024.01.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 144

ཟླ་དང་པོའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཉིན་ཧྲིལ་བོར་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོ་མི་དམངས་ཁྲིམས་ཁང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་བྱ་བའི་ཡར་ཞུ་ལ་གསན་པ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་བྱ་བའི་སྙན་ཞུར་གསན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་།

གྲོས་ཚོགས་ལས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ལོ་རེ་བཞིན་དུ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོ་མི་དམངས་ཁྲིམས་ཁང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་བྱ་བའི་ཡར་ཞུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་བྱ་བའི་སྙན་ཞུར་ཆེད་དུ་གསན་པ་དེ་ནི། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ལག་ལེན་གྱིས་ལམ་ལུགས་འདིའི་བཀོད་སྒྲིག་ནི་ཏང་གིས་ཕྱོགས་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་གང་ཅིར་མཐུན་སྦྱོར་བྱེད་པར་ཕན་པ་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་དང་འཐབ་འཛིང་གི་ནུས་ཤུགས་ཆེན་པོ་སྲུང་འཛིན་བྱེད་པར་ཕན་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པར་ཕན་པ་ཡོད། ཐེངས་འདིའི་གྲོས་ཚོགས་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་རྗེས། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་ལྔ་ཡི་བྱ་བའི་ཡར་ཞུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་བྱ་བའི་སྙན་ཞུར་ཐོག་དང་པོར་ཉན་པ་ཡིན་ལ། དེའི་དམིགས་ཡུལ་ནི་ལམ་ལུགས་འདི་རྒྱུན་འཁྱོངས་ཡག་པོ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་ཆེད་ཡིན་ཞེས་བསྟན།

གྲོས་ཚོགས་ལས་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པའི་ཚུན་ལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོ་མི་དམངས་ཁྲིམས་ཁང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཕྱོགས་ཡོངས་ལ་དམ་པོར་དམིགས་ནས་རང་འགན་གཙང་སྒྲུབ་བྱས་ལ། ཏང་ཙུའུ་རང་ངོས་འཛུགས་སྐྲུན་ལ་ཏན་ཏིག་གིས་ཤུགས་བསྣན་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་འགན་འཁྲི་ནན་ཏན་ངང་བསྒྲུབས་ཏེ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཀྱི་བརྟན་བརླིང་རྒྱུན་འཁྱོངས་བྱེད་པར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་པའི་དབང་གིས། ཕྱོགས་སོ་སོའི་ལས་དོན་ལ་ཕན་འབྲས་གསར་པ་ཐོབ་ཡོད།

གྲོས་ཚོགས་ལས་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པའི་ཚུན་ལ། ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་ཏུ། སྐབས་གསར་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་རང་འགུལ་ངང་བྱས་རྗེས་འབད་པས་བཞག་པ་དང་རང་འགན་གཙང་སྒྲུབ་ནན་ཏན་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། མང་ཚོགས་ཚོགས་པའི་འཛུགས་སྐྲུན་དང་བཅོས་སྒྱུར་ལ་མཛུབ་སྟོན་བྱེད་པ་སོགས་ཀྱི་ཐད་ཕན་འབྲས་ལྡན་པའི་ལས་དོན་གང་མང་བསྒྲུབས་ཡོད།

གྲོས་ཚོགས་ལས་ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་པས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོ་མི་དམངས་ཁྲིམས་ཁང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བཟུང་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་།  “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ།“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ཅེས་པའི་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་འདི་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཞེས་པའི་ཆབ་སྲིད་ཆེ་ཤོས་འདིར་སྐུལ་སྤེལ་གཏོང་བར་རྩེ་གཅིག་ཏུ་དམིགས་པ་བཅས་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་བྱ་བ་བཟང་པོ་སྒྲུབ་ཕོད་པར་བྱས་ཏེ། ཏང་ཀྲུང་དབྱང་གི་གཅིག་གྱུར་གྱི་བཀོད་འདོམས་འོག་མཉམ་འགུལ་བྱས་ནས།“དངོས”ཞེས་པའི་ཡིག་འབྲུ་འདི་ལ་དམ་པོར་དམིགས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གང་ལེགས་བྱས་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ལོ་གསར་པའི་ནང་དུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་བླང་བྱ་ལྟར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རང་ངོས་ཀྱི་འགན་འཁྲི་དངོས་ནས་རྐང་ཚུགས་པར་བྱེད་པ་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། རང་འགན་གཙང་སྒྲུབ་བྱེད་པ། གྲོས་སྡུར་ལས་སྒྲུབ་ཆུ་ཚད་མཐོ་རུ་གཏོང་བ། གཙོ་གནད་འབུར་ཐོན་ཡོང་བར་བྱེད་པ། དོན་འཁྱོལ་དམ་འཛིན་བཅས་བྱས་ནས། ཏང་ཀྲུང་དབྱང་གིས་བསྒྲུབ་རྒྱུར་སྤྲད་པའི་ལས་འགན་ཁག་མུ་མཐུད་ཡོངས་འགྲུབ་བྱེད་དགོས་ཞེས་ནན་གྱིས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།