ཟླ་དང་པོའི་ཚེས་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། དངུལ་འཕེལ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ལོ་ལོན་གྱི་བདེ་སྐྱིད་ཆེ་རུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་དང་། སྲིད་དོན་ཞབས་ཞུ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་སྲིད་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་བ།“ལས་ཆོད་མཐོ་བའི་སྒོ་ནས་ལས་དོན་གཅིག་བཟང་བོར་བསྒྲུབ་རྒྱུ”བཅས་ཀྱི་མཛུབ་སྟོན་བསམ་འཆར་ལ་གྲོས་ཞིབ་བྱས་ནས། ཞིང་པ་ཞོར་ལས་པའི་གླ་ཕོགས་དུས་ལྟར་སྤྲོད་རྒྱུར་འགན་ལེན་བྱས་པའི་གནས་ཚུལ་གྱི་སྙན་ཞུར་ཉན་པར་མ་ཟད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་གཉེར་པའི་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནུས་ཁུངས་བཅའ་ཁྲིམས(འཆར་ཟིན)》ལ་གྲོས་བསྡུར་བྱས།
གྲོས་ཚོགས་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་མི་འབོར་ལོ་ལོན་ཅན་དུ་འཕེལ་བར་ཁ་གཏད་ནུས་ལྡན་འཇལ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། འཕྲལ་ཕུགས་གཉིས་ཀྱི་ཁེ་ཕན་ལ་ཕན་པ་ངེས་ཅན་ཡོད། སྲིད་གཞུང་གིས་གཞི་རྩར་འགན་སྲུང་དང་གཞི་ཐིག་སྲུང་བའི་འགན་འཁྲི་ཏན་ཏིག་ངང་སྒྲུབ་པ་དང་། ལོ་ལོན་གྱི་གཞི་རྩའི་དམངས་ཚིས་འགན་སྲུང་ལ་ཤུགས་སྣོན་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་གང་མང་གཏོང་བ་བཅས་བྱེད་དགོས། ཁྲོམ་རའི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ནས། ཚོང་གཉེར་རང་བདག་དང་སྤྱི་ཚོགས་རྩ་འཛུགས་སྣ་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལོ་ལོན་གྱི་རིམ་པ་མང་བ་དང་སྣ་མང་ཅན་གྱི་དགོས་མཁོ་སྔར་ལས་སྐོང་ཐུབ་པར་བྱས་ནས། དངུལ་འཕེལ་དཔལ་འབྱོར་འཕེལ་རྒྱས་སྟོབས་ལྡན་དུ་གཏོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་མུ་མཐུད་འཐུས་ཚང་དུ་བཏང་སྟེ། ལོ་ལོན་གྱི་ཁྱིམ་སྡོད་རྒན་གསོ་དང་སྨན་བཅོས་སྨན་བསྟེན། ཁམས་གསོ་སོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་ཡག་པོ་བྱས་ནས། ལོ་ལོན་རྣམས་ཀྱིས་ཚེ་མཇུག་འཚོ་བ་སྐྱིད་པོ་ཞིག་རོལ་ཐུབ་པར་འགན་ལེན་བྱེད་དགོས་ཞེས་ནན་གྱི་བསྟན།
གྲོས་ཚོགས་ལས་མང་ཚོགས་དང་ཁེ་ལས་ཀྱིས་སྲིད་གཞུང་གི་ལས་དོན་ལ་བློ་ཡིད་ཚིམ་ཚད་དེ་སྲིད་དོན་ཞབས་ཞུའི་བྱ་བ་རེ་རེ་དང་འབྲེལ་བ་དམ་ཟབ་ཡོད། “ལས་ཆོད་མཐོ་བའི་སྒོ་ནས་ལས་དོན་གཅིག་བཟང་བོར་བསྒྲུབ་རྒྱུ”དེ་སྲིད་དོན་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་། སྲིད་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་བའི་དམ་འཛིན་བྱེད་ཡུལ་གལ་ཆེན་ཞིག་ཏུ་བརྩིས་ནས། མང་ཚོགས་དང་ཁེ་ལས་ཀྱིས་བསམ་འཆར་འདོན་ཐེངས་མང་པོའི་གནད་དོན་འབུར་ཐོན་ལ་དམ་པོར་དམིགས་ཏེ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་རང་འགུལ་ངང་བཅོས་སྒྱུར་གསར་གཏོད་བྱེད་པ། གཞི་གྲངས་ལག་རྩལ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ལས་དོན་སྒྲུབ་རིམ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། ལས་དོན་སྒྲུབ་པའི་རྒྱུ་ཆ་ཁུ་བསྡུ་བྱེད་པ། ལས་ཆོད་སྔར་ལས་ཆེ་རུ་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ལ་སྲིད་དོན་ཞབས་ཞུའི་མྱོང་བ་སྔར་ལས་ལེགས་པར་ཚོར་དུ་འཇུག་དགོས། “ལས་ཆོད་མཐོ་བའི་སྒོ་ནས་ལས་དོན་གཅིག་བཟང་བོར་བསྒྲུབ་རྒྱུ”དེ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལམ་སྲོལ་གྲུབ་པར་བྱེད་པ་དང་། ལོ་རེར་གཙོ་གནད་ལས་དོན་ཁག་གཅིག་འདོར་ལེན་བྱེད་པ། ས་གནས་དང་སྡེ་ཁག་གིས་འཚོལ་ཞིབ་བྱས་པའི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་དུས་ཐོག་ཏུ་འདྲ་བཤུས་དང་ཁྱབ་སྤེལ་གཏོང་བ། རྒྱུན་འཁྱོངས་ལྷོད་མེད་དང་དོན་འཁྱོལ་དམ་འཛིན་སྒོས་མང་ཚོགས་དང་ཁེ་ལས་ཀྱི་ཐོབ་ཚོར་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས་ཞེས་བསྟན།
གྲོས་ཚོགས་ལས་ལུགས་རྙིང་ལོ་སར་སྔོན་ནི་ཞིང་པ་ཞོར་ལས་པའི་གླ་ཕོགས་བསྡོམས་རྩིས་རྒྱག་པའི་མཐོ་རླབས་ལྟ་བུ་ཡིན། སེམས་ནུས་ཡོད་རྒུ་རྩལ་དུ་བཏོན་ནས་ཞིང་པ་ཞོར་ལས་པའི་གླ་ཕོགས་དུས་ལྟར་སྤྲོད་པའི་ལས་དོན་ཡག་པོར་སྒྲུབ་པ་དང་། རིམ་པ་བཞིན་འགན་འཁྲི་ཏན་ཏིག་གིས་འཁུར་བ། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ངན་སེམས་བཅངས་ནས་གླ་ཕོགས་འགོར་འགྱངས་གཏོང་བར་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་དགོས། གླ་ཕོགས་འགྱངས་ཆད་བཅོས་སྒྲིག་གི་ཡུན་ཕན་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་དཔྱད་འཇོག་དང་ཞིབ་བཤེར་ལྟ་སྐུལ་ལ་ཤུགས་བསྣན་ནས། ཞིང་པ་ཞོར་ལས་པའི་གླ་ཕོགས་དུས་ལྟར་སྤྲོད་པའི་ལམ་ལུགས་དང་སྲིད་ཇུས་ཁག་ཚང་མ་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་ལས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་གཉེར་པའི་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནུས་ཁུངས་བཅའ་ཁྲིམས(འཆར་ཟིན)》རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་ཐག་བཅད་པ་དང་།《ཐཱན་ཕྱིར་གཏོང་དབང་ཆའི་ཉོ་ཚོང་དོ་དམ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།