ཝུའུ་ཞའོ་ཅུན་གྱིས་ཅིན་ཁི་ནུས་ཁུངས་མ་རྐང་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ལིས་ཞན་ཏི་སོགས་ལ་ཐུག་འཕྲད་བྱས།
2024.01.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་དང་པོའི་ཚེས་ལྔ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་ནས་ཅིན་ཁི་ནུས་ཁུངས་མ་རྐང་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ལིས་ཞན་ཏི་སོགས་ལ་ཐུག་འཕྲད་བྱས།

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ལིས་ཞན་ཏི་སོགས་ལ་དགའ་བསུ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་མཛད་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་ཀྱིན་ཡོད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། ལྷག་པར་དུ་དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཁྱབ་ཁོངས་གསར་བ་དང་འགྲན་ལམ་གསར་བ་གསར་འབྱེད་བྱེད་པ་དང་སྒུལ་ནུས་གསར་བ་དང་དགེ་མཚན་གསར་བ་བསྐྲུན་པའི་མཐོ་ཚད་དུ་བཞག་སྟེ་སྐུལ་འདེད་བཏང་ཞིང་། འཆར་འགོད་དང་སྲིད་ཇུས། རྟེན་གཞི། ལས་གཞི། ཁེ་ལས་བཅས་གནས་ལྔ་གཞི་གཅིག་གིས་སྤེལ་བའི་གྲུབ་ཚུལ་བཙུགས་ནས། འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་གྲུབ་པར་བྱས་ཡོད། ཅིན་ཁི་ནུས་ཁུངས་ཀྱིས་མུ་མཐུད་དུ་མཚོ་སྔོན་ནས་ད་ཡོད་ཀྱི་ཐོན་ལས་དགེ་མཚན་དང་ལག་རྩལ་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཐོན་ལས་ཀྱི་གྲུབ་ཚུལ་འཐུས་ཚང་དུ་གཏོང་བ། མཚོ་སྔོན་དུ་དངུལ་གཏོང་བྱེད་པའི་ནུས་ཤུགས་ཆེར་གཏོང་བ། མཚོ་སྔོན་གྱི་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ཁྲོད་ཞུགས་ཏེ། མཉམ་རྒྱལ་འཕེལ་རྒྱས་མངོན་འགྱུར་བྱེད་རྒྱུའི་རེ་བ་བཏོན།

ལིས་ཞན་ཏི་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཅིན་ཁི་ནུས་ཁུངས་མཚོ་སྔོན་དུ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཁེ་ལས་ཀྱི་གཞི་རྩའི་གནས་ཚུལ་དང་མཚོ་སྔོན་གྱི་ལས་སྒོ། མ་འོངས་པའི་འཕེལ་ཚུལ་དང་བསམ་ཕྱོགས་ངོ་སྤྲོད་བྱས་ནས་བསྟན་དོན། རང་ངོས་ཀྱི་ནུས་ཁུངས་གསར་བའི་ཕྱོགས་ཀྱི་ལག་རྩལ་དང་ཤེས་ལྡན་མི་སྣ། ཚོང་ར་སོགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། མཚོ་སྔོན་གྱི་ཐོན་ལས་གྲུབ་ཚུལ་དང་དངུལ་གཏོང་བྱེད་ཤུགས་ཆེར་གཏོང་བ། དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ནས། མཚོ་སྔོན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

ཝང་ལིན་ཧུའུ་ཐུག་འཕྲད་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།