ཉེ་སྔོན། རྒྱལ་དབང་མ་རྩའི་ཚོང་གཉེར་སྔོན་རྩིས་ནུས་པ་སྔར་ལས་འདོན་སྤེལ་ཡག་པོ་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་དབང་མ་རྩའི་ཚོང་གཉེར་སྔོན་རྩིས་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས། 《བསམ་འཆར》ནང་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་དང་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁེ་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ། དམངས་ཡོངས་ཀྱི་མཉམ་སྤྱོད་རྣམ་པ་མངོན་པར་བྱེད་པ། སྒྲིག་གཞི་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། སྔོན་རྩིས་ཀྱི་ཕན་འབྲས་མཐོ་རུ་གཏོང་བ་བཅས་བྱས་ནས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་མཇུག་ཏུ་སླེབས་སྐབས། ཕྱོགས་ཡོངས་དང་ཆ་ཚང་བ། སྒྲིག་གཞི་ལེགས་པ། འཁོར་སྐྱོད་བདེ་བླག་ཡིན་པ། འགན་ལེན་ནུས་པ་དང་ལྡན་པ་བཅས་ཀྱི་རྒྱལ་དབང་མ་རྩའི་ཚོང་གཉེར་སྔོན་རྩིས་ལམ་ལུགས་གཞི་རྩའི་ཆ་ནས་གྲུབ་པར་བྱེད་དགོས་ཞེས་བཏོན་ཡོད།
《བསམ་འཆར》ནང་ཕྱོགས་གསུམ་ཐད་ཀྱི་གཙོ་གནད་བཅོས་སྒྱུར་བྱེད་ཐབས་ཁ་གསལ་བཏོན་ཡོད་པ་སྟེ། གཅིག་ནི་རྒྱལ་དབང་མ་རྩའི་ཡོང་འབབ་གོང་འབུལ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། གཉིས་ནི་རྒྱལ་དབང་མ་རྩའི་ཚོང་གཉེར་སྔོན་རྩིས་གཏོང་སྒོའི་ཕན་ནུས་ཆེ་རུ་གཏོང་བ། གསུམ་ནི་རྒྱལ་དབང་མ་རྩའི་ཚོང་གཉེར་སྔོན་རྩིས་དོ་དམ་ལས་དོན་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།