ཀྲུང་གོ་ཧྭ་ནུན་གྱིས“གཞི་རིམ་དུ་བསྐྱོད་པ་བཞི”ལག་བསྟར་བྱས་ནས་མང་ཚོགས་ལ་དོན་བཟང་བསྒྲུབས།
2024.01.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་དེ་ལག་བསྟར་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་བའི་ཚུན་ལ། ཀྲུང་གོ་ཧྭ་ནུན་ཏང་ཙུའུ་ཡིས“གཞི་རིམ་དུ་བསྐྱོད་པ་བཞིའི”ཕུལ་བྱུང་སྲོལ་རྒྱུན་དང་བརྗོད་དོན་སློབ་གསོའི་བྱེད་སྒོ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ། དྲོད་སྲུང་མཁོ་འདོན་བྱ་རྒྱུ་དེ་དམངས་འཚོའི་དོན་དངོས་ཆེ་ཤོས་སུ་བརྩིས་ནས། མང་ཚོགས་ཀྱི་འདོད་བློ་ཚིམ་ཚད་ཀྱིས་བརྗོད་དོན་སློབ་གསོ་སྤེལ་བའི་གྲུབ་འབྲས་ལ་ཞིབ་བཤེར་བྱས།

ཀྲུང་གོ་ཧྭ་ནུན་ནི་རང་རྒྱལ་གྱི་དམངས་འཚོའི་དྲོད་རླངས་མཁོ་འདོན་ཁེ་ལས་ཆེ་ཤོས་ཡིན་པའི་ངོས་ནས། “གཞི་རིམ་དུ་བསྐྱོད་པ་བཞིའི”ཕུལ་བྱུང་སྲོལ་རྒྱུན་ལག་བསྟར་བྱས་ཏེ། ཏང་ཡོན་རྩ་འཛུགས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཏུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། དགུན་དུས་དྲོད་རླངས་མཁོ་འདོན་གྱི་དཀའ་གནད་སེལ་བ་དང་། དམངས་འཚོའི“དྲོད་ཚད”ལ་བརྟེན་ནས་བརྗོད་དོན་སློབ་གསོ་ཟབ་སྤེལ་བྱས་ཡོད་མེད་ལ་ཞིབ་བཤེར་བྱས།

ཧྭ་ནུན་ཏ་ཆིན་ཚ་གློག་ཀུང་ཟིས་མ་ལག་ལ་གྲལ་བཤེར་བྱས་རྗེས་རྩིས་ཁྲ་བཟོས་ནས། ཞིག་གསོ་ཞབས་ཞུའི་ཆེད་གཉེར་སྐུད་ལམ་ཉེར་གསུམ་སྔར་ལས་ཇེ་མང་དུ་བཏང་བ་དང་། སྒོ་རྩར་བསྐྱོད་དེ་ཁྱིམ་ཚང་ལྔ་སྟོང་ལྷག་ལ་ཞབས་འདེགས་ཞུས་ནས།  དྲོད་རླངས་མཁོ་འདོན་གྱི་སྤུས་ཚད་མངོན་སུམ་དུ་མཐོ་རུ་བཏང་། གྲང་ངར་ཆེ་བའི་གནམ་གཤིས་འོག་ཏུ་ཚ་དྲོད་མཁོ་འདོན་མི་འདང་བའི་གནས་ཚུལ་ལ་དམིགས་ནས། ཧྭ་ནུན་པེ་ཅིང་ཚ་གློག་བཟོ་གྲྭས་ཚ་དྲོད་མཁོ་འདོན་གྱི་འབར་རླངས་འཕྲུལ་ཆས་ཀྱི་དུད་རླངས་དྲོད་ལྷག་བེད་སྤྱོད་བསྒྱུར་བཀོད་བྱས་ཏེ། ཁྱིམ་ཚང་ཁྲི་དགུ་ལྷག་གི་ཚ་དྲོད་མཁོ་འདོན་བྱེད་ནུས་མངོན་སུམ་ཆེ་རུ་བཏང་།

བན་དེ་སྐྱབས་ཀྱིས་བསྒྱུར།