ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས8ཉིན་གྱི་སྔ་དྲོར་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་ལོ་ངོ་བཅུའི་རིང་བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པར་ཤུགས་སྣོན་བྱས་པ་བརྒྱུད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་ཆེན་པོ་ཐོབ་ནས་གྲུབ་འབྲས་སྲ་བརྟན་དུ་གྱུར་ཡོད་ཀྱང་། གནས་བབ་སྔར་བཞིན་ཛ་དྲག་ཡིན་ལ་རྙོག་འཛིང་ཆེ་བས། ང་ཚོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་ཚུལ་གསར་བ་དང་འཕེལ་ཕྱོགས་གསར་བར་ངོས་འཛིན་གསལ་བོ་བྱེད་པ་དང་། རུལ་སུངས་གནད་དོན་འབྱུང་སའི་རྟེན་དང་ཆ་རྐྱེན་ལ་ངོས་འཛིན་གསལ་བོ་བྱས་ཏེ། དུས་གཏན་དུ་ལམ་ན་ཡོད་པའི་སེམས་ཤུགས་བརྟན་པོས་གནད་ལ་འཁེལ་བར་ཤུགས་སྣོན་པ་དང་བསྟུད་མར་ཤུགས་བཏོན་ནས། མཐའ་གཅིག་ཏུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་འཐབ་འཛིང་གི་རྒྱལ་ཁ་ལེན་དགོས།
ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གསུང་བཤད་གལ་ཆེན་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་བཅས་གྲོས་ཚོགས་ལ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།
ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གསུང་བཤད་གལ་ཆེན་གནང་།
ལིས་ཆང་དང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་བཅས་གྲོས་ཚོགས་ལ་ཞུགས།
ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་འགོ་བརྩམས་པའི་ལོ་ཡིན་ཞིང་། ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ཀྱིས་ཏང་རང་ངོས་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ། ཏང་ཡོངས་ཀྱིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། འབད་བརྩོན་ལྷོད་མེད་ཀྱིས་ཏང་གི་གསར་གཏོད་གཞུང་ལུགས་བཀོལ་ནས་སེམས་ཤུགས་གཅིག་སྒྲིལ་གྱི་བླ་སྲོག་བསྐྲུན་པ། ཤུགས་ཆེན་པོས་ཆབ་སྲིད་ལྟ་རྟོག་གི་བྱེ་བྲག་ཅན་དང་གནད་འཁེལ་ཅན། རྒྱུན་རྣམ་ཅན་ལ་སྐུལ་འདེད་བཏང་ལ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་འབུར་ཐོན་གནད་དོན་དག་ཐེར་བཅོས་སྐྱོང་བྱེད་པར་ཤུགས་བསྣན་ཏེ། ཏང་ཡོན་དང་ལས་བྱེད་པའི་དཔུང་སྡེའི་ཁྲོད་ཀྱི་མི་ངན་མཐའ་གཅིག་ཏུ་ཚར་གཅོད་བྱས་པ་དང་། ཟོལ་མེད་དང་གཟབ་ནན་གྱིས་ཏང་ཡོན་དང་ལས་བྱེད་པའི་དོ་དམ་ལྟ་རྟོག་ལ་ཤུགས་བསྣན་ཏེ་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་ངེས་པ་དོན་གྱིས་ལག་ལེན་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ། ཤུགས་ཆེན་པོས་སྐྱོད་ལམ་གསར་བའི་མགོ་རྩོམ་ལས་རིམ་ལ་སྣེ་ཁྲིད་འགན་སྲུང་བྱས་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོའི་ཏང་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཡིན་པའི་ཆ་ནས། ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་འཁོར་ཡུན་གྱི་ཚད་བཀག་ལས་ཇི་ལྟར་ཐར་བ་དང་། ཏང་གི་རང་མདངས་དང་བྲོ་བ་དུས་གཏན་དུ་མི་འགྱུར་བར་ཇི་ལྟར་འགན་སྲུང་བྱེད་པ་ནི་ཏང་ཡོངས་ཀྱི་བློ་མཐུན་ཚང་མའི་མདུན་དུ་ལྷགས་པའི་འཐབ་ཇུས་རང་བཞིན་གྱི་གནད་དོན་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་རླབས་ཆེན་ལག་ལེན་ཁྲོད། ང་ཚོས་རྒྱུན་ཆད་མེད་པར་ལག་ལེན་འཚོལ་ཞིབ་དང་གཞུང་ལུགས་བསམ་གཞིགས་བྱས་ཏེ། བློ་མཐུན་མའོ་ཙེ་ཏུང་གིས་སྔོན་ཆད་བཏོན་པའི་མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་རྟོག་བྱེད་དུ་འཇུག་དགོས་པའི་དྲིས་ལན་དང་པོའི་རྨང་གཞིའི་སྟེང་དྲིས་ལན་གཉིས་པ་སྟེ་རྒྱུན་ཆད་མེད་པར་ཏང་གི་རང་ངོས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས་ཞེས་པ་དེ་བཏོན་ཡོད། དུས་རབས་གསར་བའི་ལོ་ངོ་བཅུའི་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་ལག་ལེན་དང་གཞུང་ལུགས་འཚོལ་ཞིབ་ཁྲོད། ང་ཚོས་རྒྱུན་ཆད་མེད་པར་ཏང་རང་ངོས་བཅོས་སྒྱུར་བྱེད་པའི་ངོས་ཟིན་ཇེ་ཟབ་ཏུ་བཏང་ནས། ཕུན་སུམ་ཚོགས་པའི་ལག་ལེན་ཉམས་མྱོང་བསགས་ཡོད་ལ། གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཆགས་ཡོད་པ་དང་། མ་ལག་ལྡན་པའི་སྒོ་ནས་ང་ཚོའི་ཏང་གིས་ཅིའི་ཕྱིར་རང་སྟེང་བཅོས་སྒྱུར་བྱེད་དགོས་པ་དང་། ཅིའི་ཕྱིར་རང་སྟེང་བཅོས་སྒྱུར་བྱེད་ཐུབ་པ། ཇི་ལྟར་རང་ངོས་བཅོས་སྒྱུར་བྱེད་པ་བཅས་གནད་དོན་གལ་ཆེན་ལ་ལན་བཏབ་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་རང་སྟེང་གི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་གནད་དོན་དགུ་དམ་འཛིན་བྱེད་དགོས་ཏེ། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་གཞི་རྩའི་ཁག་ཐེག་ཏུ་བྱེད་དགོས་པ་དང་། རླབས་ཆེ་བའི་སྤྱི་ཚོགས་བཅོས་སྒྱུར་ལ་སྣེ་ཁྲིད་བྱེད་པ་གཞི་རྩའི་དམིགས་ཡུལ་དུ་བྱེད་དགོས། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གཞི་རྩའི་བསྲུང་བྱར་བྱེད་དགོས་ལ། ལོ་རྒྱུས་འཁོར་ཡུན་གྱི་ཚད་བཀག་ལས་ཐར་བ་འཐབ་ཇུས་དམིགས་འབེན་དུ་བྱེད་དགོས་པ་དང་། ཏང་ཁག་ཆེན་མོར་ཆེད་དུ་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པ་ཁ་ཕྱོགས་གཙོ་བོར་འཛིན་དགོས་ལ། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་ནུས་ལྡན་ཐབས་ལམ་དུ་བྱེད་དགོས་ཤིང་། སྟོབས་ལྡན་རྩ་འཛུགས་བསྐྲུན་པ་དང་སྟོབས་ལྡན་དཔུང་སྡེ་འཛུགས་པ་གནད་ས་གཙོ་བོར་འཛིན་དགོས། སྲོལ་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པ་དམ་འཛིན་བྱེད་དགོས་པ་དང་། རང་ཉིད་ཀྱི་ལྟ་རྟོག་དང་མི་དམངས་ཀྱི་ལྟ་རྟོག་ཟུང་འབྲེལ་བྱེད་པ་སྒུལ་ཤུགས་ཆེན་པོར་བྱེད་དགོས། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། བབ་བསྟུན་མདུན་སྐྱོད། བདེན་སྲུང་གསར་གཏོད་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར་ལག་ལེན་འཚོལ་ཞིབ་དང་གཞུང་ལུགས་གསར་གཏོད་སྤེལ་བ་དང་། ཏང་རང་སྟེང་གི་བཅོས་སྒྱུར་གྱི་ཆོས་ཉིད་ལ་ངོས་འཛིན་ཟབ་མོ་བྱས་ནས། ཏང་རང་སྟེང་གི་བཅོས་སྒྱུར་གྱི་བསམ་ཕྱོགས་དང་བྱེད་ཐབས་སྔར་ལས་གཟབ་ནན་ཡོང་བར་བྱེད་དགོས་ལ། འཐབ་ཕྱོགས་སོ་སོ་དང་ལས་རིམ་སོ་སོའི་རང་སྟེང་གི་བཅོས་སྒྱུར་བྱེ་བྲག་ཏུ་ནན་འཛིན་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐྱོད་ལམ་གསར་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱིས་ངེས་པར་དུ་རུལ་སུངས་གནད་དོན་འབྱུང་སའི་རྟེན་དང་ཆ་རྐྱེན་མེད་པར་གཏོང་བའི་ཐད་མུ་མཐུད་དུ་ཤུགས་བཏོན་ནས་སྐུལ་འདེད་གཏོང་དགོས། སྤྱིའི་རེ་བ་ནི་མཉམ་གཅིག་ཏུ་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱ་མི་འདོད་པ་བཅས་ལ་སྐུལ་འདེད་གཏོང་བ་དང་། རྩ་ལག་མཉམ་བཅོས་དང་མ་ལག་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་ནས། རྒྱུན་ཆད་མེད་པར་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟབ་ཚད་དང་ཁྱབ་རྒྱ་ཇེ་ཆེར་བཏང་སྟེ། ནད་བརྟག་སྨན་སྟེར་དང་གནད་འཁེལ་བཅོས་སྐྱོང་། ཐབས་མང་མཉམ་སྤྱོད་བཅས་ཀྱིས་ཡང་དང་བསྐྱར་དུ་འབྱུང་བའི་གནད་དོན་རྙིང་བ་རིམ་བཞིན་ཇེ་ཉུང་དུ་གཏོང་བ་དང་། གསར་དུ་བྱུང་བའི་གནད་དོན་རྒྱ་ཡན་དུ་མི་འགྲོ་བར་བྱས་ཏེ། རུལ་སུངས་གནད་དོན་ལ་དོགས་ཟོན་དང་བཅོས་སྐྱོང་བྱེད་པའི་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་ལ་ཤུགས་སྣོན་དགོས། རིམ་པ་སོ་སོའི་ཏང་ཨུས་ཟོལ་མེད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བརྒྱུད་རིམ་ཧྲིལ་བོའི་མགོ་ཁྲིད་ལ་ཤུགས་སྣོན་དགོས་ལ། རུལ་སུངས་གྱོད་དོན་རྩད་ཞིབ་ཐག་གཅོད་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ངེས་པ་དོན་གྱིས་གནད་དོན་ལེགས་བཅོས་བྱེད་པ་དམ་འཛིན་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ནི་ཆེད་འགན་ཁུར་བའི་ལས་ཁུངས་ཡིན་པའི་ཆ་ནས། སྔར་ལས་ལྷག་པའི་སྒོ་ནས་རང་འགུལ་གྱིས་འགན་འཁྲི་ཁུར་དུ་ལེན་པ་དང་། ཏང་ཨུས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་རྩ་འཛུགས་དང་མཐུན་སྦྱོར་བྱེད་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་བརྒྱུད་རིམ་ཧྲིལ་བོའི་སྟོབས་ཤུགས་ལེགས་བསྡུ་བྱེད་དགོས། འགན་ནུས་སྡེ་ཁག་སོ་སོས་ཕན་ནུས་མཐོ་བའི་རོགས་ལས་རྒྱུན་འཁྱོངས་བྱས་ཏེ་རང་རྟོགས་སྒོས་ཏང་ཀྲུང་དབྱང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཇུས་ཆོད་བཀོད་སྒྲིག་དེ་བྱེ་བྲག་གི་འགུལ་སྐྱོད་དུ་བསྒྱུར་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རུལ་སུངས་ལ་ཆད་གཅོད་བཅོས་སྐྱོང་བྱེད་པའི་མཐོ་གནོན་རྣམ་པ་མུ་མཐུད་དུ་སྲུང་འཛིན་བྱེད་དགོས། སྔར་བཞིན་ཛ་དྲག་ཡིན་ཞིང་རྙོག་འཛིང་ཆེ་བའི་གནས་བབ་ཀྱི་མདུན་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པ་དེར་ཕྱིར་ལྡོག་མེད་པ་དང་ལྷོད་ཡངས་གཏན་ནས་མེད་ལ། སྙིང་རྗེ་མེད་པ་ཞིག་ཡིན་དགོས་པ་དང་། ངེས་པར་དུ་དུས་གཏན་དུ་མདུན་སྐྱོད་ཀྱི་དུང་བརྡ་སྒྲོག་དགོས། བསྟུད་མར་ཡོད་པ་བདུན་གྱི་གནད་དོན་དམིགས་སུ་བཟུང་ནས་སྲིད་ཚོང་ངན་འབྲེལ་གྱི་རུལ་སུངས་ལ་ཆད་གཅོད་ནན་མོ་བྱེད་པ་དེ་མཁྲེགས་གཏོར་གྱི་གཙོ་གནད་དུ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་དབང་ཤུགས་ལ་བརྟེན་ནས་མ་རྩའི་ཁེ་ཕན་སྙེག་པའི་བྱ་སྤྱོད་ལ་ཆམ་ཕབ་གཏོང་དགོས་ལ། ཁེ་ཕན་སྡེ་ཚོགས་དང་དབང་ཤུགས་སྡེ་ཚོགས་སྣ་ཚོགས་ཆབ་སྲིད་ཁྱབ་ཁོངས་སུ་སིམ་པར་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། དངུལ་ལོར་དང་རྒྱལ་དབང་ཁེ་ལས། ནུས་ཁུངས། སྨན་རྫས། རྨང་གཞིའི་འཛུགས་སྐྲུན་བཟོ་སྐྲུན་སོགས་དབང་ཤུགས་གཅིག་འདུས་དང་མ་དངུལ་གཅིག་འདུས། ཐོན་ཁུངས་མོད་པ་བཅས་ཀྱི་ཁྱབ་ཁོངས་ཀྱི་རུལ་སུངས་ལ་གཏིང་ཟབ་ཏུ་དག་ཐེར་བཅོས་སྐྱོང་བྱས་ནས་མི་མངོན་པའི་ཉེན་ཁ་གཙང་སེལ་བྱེད་དགོས། རུལ་སུངས་ལ་ཆད་གཅོད་བཅོས་སྐྱོང་བྱས་ཏེ་མང་ཚོགས་ལ་སྔར་ལས་ལྷག་པའི་ཐོབ་ཚོར་ལྡན་དུ་འཇུག་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་རུལ་སུངས་འབྱུང་བ་དང་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་དགོས། རུལ་སུངས་ཀྱི་ངོ་བོ་ནི་དབང་ཤུགས་གང་འདོད་དུ་སྤྱད་པ་དེ་ཡིན་པས། སྲིད་ཇུས་གཏན་འབེབས་དང་ཐབས་ཇུས་འདོན་པ། གྲོས་ཞིབ་ཆོག་མཆན་བཀོད་ནས་ལྟ་རྟོག་དོ་དམ་བྱེད་པ་སོགས་གནད་འགག་གི་དབང་ཤུགས་དམ་འཛིན་བྱེད་པ་དང་། ཁྱབ་ཁོངས་གཙོ་བོའི་སྒྲིག་ལུགས་རྐྱེན་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་གནད་དུ་འཛིན་པ་དང་། གསར་དར་ཁྱབ་ཁོངས་ཀྱི་བཅོས་སྐྱོང་རྐྱེན་སྲོལ་འཛུགས་ཚད་ཇེ་མགྱོགས་སུ་གཏོང་བ། དབང་ཤུགས་བཀོད་སྒྲིག་དང་འཁོར་སྐྱོད་ཚོད་འཛིན་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་ལམ་ལུགས་ཀྱི་ཞན་ཆ་ཁ་གསབ་བྱེད་པ་དང་། རང་དབང་གིས་ཐག་གཅོད་བྱེད་པའི་དབང་ཆ་ཚད་ལྡན་དུ་བཏང་ནས་རུལ་སུངས་ཀྱི་གོ་སྐབས་ཇེ་ཉུང་དུ་གཏོང་དགོས། རུལ་སུངས་ཉེན་བརྡ་གཏོང་བ་དང་ཆད་གཅོད་བཅོས་སྐྱོང་གི་མཉམ་འབྲེལ་རྐྱེན་སྲོལ་བཙུགས་ཏེ། སྤྱོད་གཙང་དང་མི་མངོན་པའི་ཉེན་ཁའི་གནས་ཚུལ་གྱི་ལྟ་ཞིབ་ལ་ཤུགས་བསྣན་ནས། རྣམ་པ་གསར་བའི་རུལ་སུངས་དང་མི་མངོན་པའི་རུལ་སུངས་མྱུར་མོར་ཐག་གཅོད་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྲིམས་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། མཉམ་གཅིག་ཏུ་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱ་མི་འདོད་པ་བཅས་ལ་སྐུལ་འདེད་བཏང་སྟེ་རྨང་གཞིའི་རང་བཞིན་གྱི་ཁྲིམས་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བར་དམིགས་ནས། མགོ་ཁྲིད་པ་དང་པོ་དང་མགོ་ཁྲིད་ཚན་ཁག་གི་ལྟ་རྟོག་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ཤུགས་སྣོན་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཁྲིམས་འཛུགས་ལ་བསྟུད་མར་སྐུལ་འདེད་གཏོང་བ་དང་། དུས་བསྟུན་མདུན་སྐྱོད་ཀྱིས་ལྟ་ཞིབ་བཅའ་ཁྲིམས་བཟོ་བཅོས་བྱས་ཤིང་། གསར་དུ་བཟོ་བཅོས་བྱས་པའི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་གོ་སྐབས་སུ་བྱས་ཏེ། ཏང་ཡོངས་ནས་གཅིག་བསྡུས་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོ་ཐེངས་གཅིག་སྤེལ་དགོས། ཁྲིམས་སྲོལ་ལམ་ལུགས་གཙོ་བོའི་ལག་བསྟར་གནས་ཚུལ་གྱི་ལྟ་རྟོག་ཞིབ་བཤེར་ལ་ཤུགས་བསྣན་ནས་གཞི་གཅིག་ཏུ་བརྩི་སྲུང་དང་གཞི་གཅིག་ཏུ་ལག་བསྟར་བྱེད་པར་འགན་སྲུང་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ལྐོག་རྔན་བརྫངས་པའི་བྱ་སྤྱོད་ལ་ཆད་གཅོད་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ནམ་རྒྱུན་ལས་བྱེད་པར་བསླུ་བྲིད་གཏོང་བ་དང་ས་ཕྱོགས་གཅིག་ལ་གནོད་སྐྱེལ་བའི་ལྐོག་རྔན་རྫོང་མཁན་ལ་རྩད་གཅོད་ནན་མོ་བྱེད་པ་དང་། དཔེ་མཚོན་གྱོད་དོན་ཁྱབ་བསྒྲགས་བྱས་ཏེ་བསླབ་བྱ་དང་འཛེམ་དོགས་ཡོད་པར་བྱེད་དགོས། ལྐོག་རྔན་བརྫངས་ནས་ཐོབ་པའི་ཚུལ་མཐུན་མིན་པའི་ཁེ་དབང་གི་རྩད་གཅོད་རྗེས་འདེད་དང་ཡོ་བསྲང་ཤུགས་ཚད་ཇེ་ཆེར་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་ཆབ་སྲིད་སྐྱེ་ཁམས་དག་གཙང་ཡོང་བར་བྱེད་དགོས། རུལ་སུངས་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་མཉམ་དུ་འཛིན་པ་རྒྱུན་འཁྱོངས་དང་། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ཇེ་དམ་དུ་གཏོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་མོ་ཡོང་བར་བྱས་ཏེ། ལྐོག་སྲོལ་གཏོར་བ་དང་མངོན་སྲོལ་འཛུགས་པ། ཤོག་ཁག་ཆུང་ངུ་སྒྲིག་པ་དང་། རྒྱབ་རྩ་འཚོལ་བ། ངན་འབྲེལ་གྱི་ལམ་འཛུགས་པ་བཅས་ལ་མཐའ་གཅིག་ཏུ་སྔོན་འགོག་བྱས་ནས། ཤུགས་ལྡན་པའི་སྒོ་ནས་རིགས་སྣ་ཚོགས་ཀྱི་ཆབ་སྲིད་གཡོ་ཇུས་ལ་ཆམ་ཕབ་བཏང་སྟེ། ཚོང་རྫས་བརྗེ་རེས་ཀྱི་རྩ་དོན་དེ་ཏང་ནང་ཁུལ་དུ་དར་བར་སྔོན་འགོག་ནན་མོ་བྱེད་དགོས། འབད་བརྩོན་ལྷོད་མེད་ཀྱིས་མི་སྣའི་འདེམ་བསྐོ་དང་བཀོལ་སྤྱོད་ཐད་ཀྱི་ཚུལ་མིན་དར་སྲོལ་དག་ཐེར་བཅོས་སྐྱོང་བྱས་ནས། དག་གཙང་གི་བློ་མཐུན་འབྲེལ་བ་དང་ལུགས་མཐུན་གྱི་གོང་འོག་འབྲེལ་བ་ཆགས་པར་ཡར་སྐུལ་བྱས་ཏེ། ཆབ་སྲིད་སྐྱེ་ཁམས་གཙང་ཞིང་དག་པར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་དགོས། ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན། གུང་ཁྲན་ཏང་ཡོན་གྱི་བླ་ན་མེད་པའི་ཕུགས་བསམ་དོན་གཉེར་ལ་སྐུལ་སློང་བཅས་བྱས་ཏེ། དབང་ཆར་བརྟེན་ནས་སྒེར་ཕན་གཉེར་བ་དང་ལྐོག་ཟ་རུལ་སུངས་སུ་འགྱུར་བ་དེ་ངོ་ཚ་ཧ་ཅང་ཆེན་པོ་ཞིག་ཏུ་བརྩི་དགོས། ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་ལ་དོ་སྣང་བྱས་ཏེ་འགོ་ཁྲིད་ལས་བྱེད་པས་གཉེན་ཉེ་དང་བུ་ཕྲུག་ལ་དོ་དམ་ནན་མོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྤྱོད་གཙང་གི་འདུ་ཤེས་དང་སྤྱོད་གཙང་གི་དཔེ་མཚོན་ཧུར་ཐག་གིས་དྲིལ་བསྒྲགས་བྱས་ནས་སྤྱོད་གཙང་དར་སྤེལ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དར་སྲོལ་བཟང་པོ་གཏོད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ནི་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་དང་། དམིགས་བསལ་གྱི་ཆབ་སྲིད་འགན་འཁྲི་དང་གཟི་བརྗིད་ཀྱི་ལས་འགན་ཕྲག་ཏུ་འཁུར་ཡོད་པས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་ཡིན་པ་དང་། རྦད་དེ་བློ་གཏད་ཆོག་པ། རྦད་དེ་སྤྱོད་གཙང་ཡིན་པ་བཅས་བྱེད་དགོས། སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། ཆབ་སྲིད་ཀྱི་བློ་དཀར་སེམས་དཀར་སྔར་ལས་སྲ་བརྟན་དུ་གཏོང་བར། དུས་གང་འདྲ་ཞིག་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་ཏང་ཀྲུང་དབྱང་དང་བློ་གཅིག་སེམས་གཅིག་བྱས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་རྒྱུ་དེ་ཏང་གི་བཀོད་འདོམས་ལ་ཉན་པ་དང་ཏང་གི་ཆེད་དུ་འགན་འཁྲི་གཙང་སྒྲུབ་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བར་བྱེད་དགོས། རྩ་དོན་མཐའ་འཁྱོངས་བྱེད་པ་དང་བྱེད་ཐབས་ནན་མོ་སྤྱོད་ཕོད་པ། འཐབ་ཕོད་པ་དང་འཐབ་མཁས་པ། འགན་འཁྲི་གཙང་སྒྲུབ་བྱེད་པ། སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་སྲུང་། རུལ་སུངས་ལ་ངོ་རྒོལ་བཅས་བྱས་ཏེ་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མི་ངན་དུས་གཏན་དུ་གཙང་སེལ་བྱེད་པ། སྤྱོད་ངན་འགོག་བཅོས་མཐའ་གཅིག་ཏུ་བྱེད་པ། རང་ངོས་གསར་བརྗེ་བྱེད་པའི་མིག་དཔེ་དང་སྒྲིག་བཀུར་ཁྲིམས་སྲུང་གི་ཚད་ཤིང་བྱས་ནས་ཏང་ཀྲུང་དབྱང་བློ་བདེ་བ་དང་མི་དམངས་མང་ཚོགས་ཡིད་ཚིམ་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་ཧྲག་དམག་བྱེད་དགོས།
ལིས་ཞི་ཡིས་ཚོགས་འདུར་འགོ་འཛིན་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤེལ་བའི་གསུང་བཤད་གལ་ཆེན་གྱིས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཕྱོགས་སྡོམ་བྱས་པ་དང་། ཏང་གི་རང་ངོས་གསར་བརྗེ་བྱེད་པའི་དགོངས་པ་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་ལ། རང་རེའི་ཏང་གིས་རང་ཉིད་གསར་བརྗེ་བྱེད་དགོས་དོན་གང་ཡིན་པ་དང་། ཅིའི་ཕྱིར་རང་ཉིད་གསར་བརྗེ་བྱེད་ཐུབ་པ། རང་ངོས་གསར་བརྗེ་ལ་སྐུལ་འདེད་ཇི་ལྟར་གཏོང་རྒྱུ་སོགས་ཀྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་ངང་ལན་བཏབ་པར་མ་ཟད། “བྱེད་པ་དགུ”ཡི་ལག་ལེན་གྱི་བླང་བྱ་གསལ་པོར་བཏོན་པ་དང་། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་བསྟུད་མར་ཤུགས་བཏོན་པ་དང་གཏིང་ཟབ་པའི་སྒོ་ནས་སྐུལ་འདེད་གཏོང་བའི་ཐད་ལ་འཐབ་ཇུས་ཀྱི་བཀོད་སྒྲིག་གནང་ཡོད། གསུང་བཤད་ཀྱི་གཟིགས་རྒྱང་རིང་བ་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་རྩ་བའི་བསྲུང་བྱ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས“གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་པ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དང་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་བཅས་ཚོགས་འདུར་ཞུགས།
ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོ། མི་དམངས་ཚོགས་པ་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། དམག་དཔུང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་འདུར་ཞུགས། ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པས་འཚོགས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས། དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་བཅས་ནས་སོ་སོར་ཡན་ལག་ཚོགས་ར་བཙུགས།
ཟླ1པའི་ཚེས8ཉིན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཁ་ཡིག་ལ《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྐྱོད་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས》ཞེས་པའི་བྱ་བའི་སྙན་ཞུ་ཕུལ།
ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟླ1པའི་ཚེས8ཉིན་པེ་ཅིན་དུ་འཚོགས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུར་འགོ་འཛིན་བྱས། ཚེས8ཉིན་གྱི་ཕྱི་དྲོར། ལིས་ཞི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཁ་ཡིག་ལ《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྐྱོད་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས》ཞེས་པའི་བྱ་བའི་སྙན་ཞུ་ཕུལ།
བསོད་ནམས་ཚེ་རིང་དང་ཤ་བོ་གསེར་མཚོས་བསྒྱུར།