སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གསུང་བཤད་གལ་ཆེན་གནང་ནས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཕྱོགས་སྡོམ་བྱས་པ་དང་། ཏང་གི་རང་ངོས་གསར་བརྗེ་བྱེད་པའི་དགོངས་པ་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་ལ། རང་རེའི་ཏང་གིས་རང་ངོས་གསར་བརྗེ་བྱེད་དགོས་དོན་གང་ཡིན་པ་དང་། ཅིའི་ཕྱིར་རང་ངོས་གསར་བརྗེ་བྱེད་ཐུབ་པ། རང་ངོས་གསར་བརྗེ་ལ་སྐུལ་འདེད་ཇི་ལྟར་གཏོང་རྒྱུ་སོགས་ཀྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་ངང་ལན་བཏབ་པར་མ་ཟད། “བྱེད་པ་དགུ”ཡི་ལག་ལེན་གྱི་བླང་བྱ་གསལ་པོར་བཏོན་པ་དང་། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་བསྟུད་མར་ཤུགས་བཏོན་པ་དང་གཏིང་ཟབ་པའི་སྒོ་ནས་སྐུལ་འདེད་གཏོང་བའི་ཐད་ལ་འཐབ་ཇུས་ཀྱི་བཀོད་སྒྲིག་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཚོགས་ཞུགས་བློ་མཐུན་ཁྲོད་ཚུར་སྣང་ཆེན་པོ་བྱུང་།
ཚོགས་ཞུགས་བློ་མཐུན་ཚོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་གཟིགས་རྒྱང་རིང་བ་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་རྩ་བའི་བསྲུང་བྱ་ཡིན་ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐྱོད་ལམ་གསར་པའི་སྟེང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ངེས་པར་དུ་རུལ་སུངས་ཀྱི་གནད་དོན་འབྱུང་སའི་རྒྱུ་དང་རྐྱེན་མེད་པར་བཟོ་བའི་ཐད་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་གཏིང་ཟབ་ངང་སྐུལ་འདེད་གཏོང་དགོས། ཚོགས་ཞུགས་བློ་མཐུན་ཚོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བསྐྱེད་དེ་ཡང་དང་བསྐྱར་དུ་ཐོན་པའི་གནད་དོན་རྙིང་པ་རིམ་བཞིན་ཇེ་ཉུང་དུ་འགྲོ་བ་དང་། གསར་དུ་ཐོན་པའི་གནད་དོན་མཆེད་དཀའ་བ། རུལ་སུངས་ཀྱི་གནད་དོན་འགོག་ཟོན་དང་བཅོས་སྒྲིག་བྱ་རྒྱུ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།
ཤ་བོ་གསེར་མཚོས་བསྒྱུར།