ལིས་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།
2024.01.11 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 24

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏང་ཙུའུ་ཧྲུའུ་ཅི་ལིས་ཆང་གིས་ཟླ1ཚེས10ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གྲུབ་འབྲས་གསར་བ་དང་ཕན་འབྲས་གསར་བར་སྤྱི་བསྡོམས་བྱས་ཤིང་། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་གཏིང་ཟབ་ཏུ་རྒྱས་བཤད་བྱས་ཡོད་པ་དང་། བྱེད་པ་དགུའི་ལག་ལེན་རེ་བ་གསལ་བོར་བཏོན་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་བསྟུད་མར་ཤུགས་འདོན་པ་དང་སྐུལ་འདེད་གཏིང་ཟབ་གཏོང་བར་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། དེར་ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཆེན་པོ་ལྡན་པ་དང་། དུས་རབས་གསར་བ་དང་བཞུད་ལམ་གསར་བར་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་བསྲུང་བྱ་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་དང་སྡེ་ཁག་སོ་སོའི་ཏང་ཙུའུ་དང་ཏང་ཨུ་ཡིས་ཟོལ་མེད་ཀྱིས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཤིང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་སྟེ། ཤུགས་ཆེན་པོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་རང་རྟོགས་ཇེ་དྲག་ཏུ་གཏོང་བ་དང་། སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་དང་སྡེ་ཁག་སོ་སོའི་ཏང་ཙུའུ་དང་ཏང་ཨུ་ཡིས་ནན་ཏན་གྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་སྲོལ་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱས་ཏེ། སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཕན་འབྲས་གསར་བ་འབྱུང་བར་བྱེད་དགོས། ལོ་གསར་བའི་ནང་ཏང་གི་རང་ངོས་གསར་བརྗེ་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གནས་བབ་གསར་བ། ལས་འགན་གསར་བ། རེ་བ་གསར་བ་བཅས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། མུ་མཐུད་དུ་སྲིད་གཞུང་གི་འགན་ནུས་དང་བྱ་བའི་དོན་དངོས་ལ་ཟུང་འབྲེལ་དམ་ཟབ་བྱས་ནས། ཆབ་སྲིད་ཀྱི་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་བ་དང་། བསྟུད་མར་སྲོལ་ངན་བཞི་ཡོ་བསྲང་བཅོས་སྐྱོང་བྱེད་པ། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་གཟབ་ནན་ཏུ་གཏོང་བ། ཁྱབ་ཁོངས་གཙོ་བོའི་རུལ་སུངས་ལ་ཆད་གཅོད་བཅོས་སྐྱོང་བྱེད་པ། རུལ་སུངས་སྔོན་འགོག་དང་སྤྱོད་གཙང་དར་སྤེལ་བྱེད་པའི་ལམ་ལུགས་སྣ་ཚོགས་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཐད་བསྟུད་མར་ཤུགས་བཏོན་ནས། སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་ཡིས་དུས་ངེས་མེད་དུ་གཏན་དུ་ལམ་ན་ཡོད་པའི་བཟོད་བསྲན་སྙིང་སྟོབས་སྲུང་འཛིན་བྱས་ཤིང་། ཟོལ་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་ཁུར་དུ་བླངས་ཏེ། གཞི་གདངས་ནན་མོ་དང་བྱེད་ཐབས་ནན་མོ། གཟབ་ནན་གྱི་སྣང་ཚུལ་བཅས་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས། ཏང་ཙུའུ་ཡི་བློ་མཐུན་ཚོས་ལས་གནས་གཅིག་ལ་འགན་འཁྲི་གཉིས་ཡོད་པ་ལག་བསྟར་གང་ལེགས་བྱས་ནས་རང་འགན་ཁུར་དུ་བླངས་ནས་དོ་དམ་ནན་མོ་བྱེད་པ་དང་། ལས་བགོས་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དངོས་འབེབས་གང་ལེགས་བྱེད་པར་སྐུལ་འདེད་གཏོང་དགོས། སྣེ་ཁྲིད་ནས་སྤྱོད་གཙང་རང་གཅུན་དང་གོང་གིས་འོག་ལ་མིག་དཔེ་སྟོན་དགོས་ཤིང་། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྲུན་ལ་དོ་སྣང་བྱས་ཏེ། ཁྱིམ་མི་གཉེན་ཉེ་དང་ཉེ་འགྲམ་གྱི་མི་དང་དོན་ལ་དོ་དམ་ནན་མོ་བྱེད་དགོས་ཟེར།

ཏེན་ཞུའེ་ཞང་དང་། ཧི་ལིས་ཧྥུན། ཀྲང་གོ་ཆིན། ལིའུ་གོ་ཀྲུང་། ཝང་ཞའོ་ཧུང་། ཝུའུ་ཀྲིན་ལུང་། ཧྲིན་དབྱི་ཆིན་བཅས་ཚོགས་འདུར་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།