རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐུ་ནི་ཞི་ཡཱའི་ཙུང་ཐུང་སའེ་དབྱི་ཏི་རྣམ་གཉིས་ཀྱིས་ཟླ་དང་པོའི་ཚེས་བཅུ་ཉིན་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐུ་ནི་ཞི་ཡཱའི་བར་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ཡོད་ཅིང་། འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བའི་རིང་ལ། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ཡང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་གཏན་འཇགས་ངང་འཕེལ་རྒྱས་བྱུང་ཡོད། ཉེ་བའི་ལོ་འགའི་རིང་ལ། ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་ཉིན་རེ་བཞིན་ཇེ་བརྟན་དུ་གྱུར་བ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པར་བསྡུས་པའི་ཀྲུང་གོ་དང་ཨ་རབ་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་སུ། ངས་ཙུང་ཐུང་སའེ་དབྱི་ཏི་དང་གྲོས་མོལ་བྱས་ནས་ཐུན་མོང་གི་ལྟ་ཚུལ་གལ་ཆེན་བཀོད་དེ། ཀྲུང་གོ་དང་ཐུ་ནི་ཞི་ཡཱའི་འབྲེལ་བའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ངས་ཀྲུང་གོ་དང་ཐུ་ནི་ཞི་ཡཱའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཅིང་། ཙུང་ཐུང་སའེ་དབྱི་ཏི་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བ་མགོ་རྩོམ་ས་གསར་བར་བྱེད་པ་དང་། ཀྲུང་གོ་དང་ཐུ་ནི་ཞི་ཡཱའི་སྲོལ་རྒྱུན་མཛའ་བརྩེ་སྲུང་འཛིན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བར་འཕེལ་རྒྱས་གསར་བ་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
སའེ་དབྱི་ཏི་ཡིས་བསྟ་དོན། ཐུ་ནི་ཞི་ཡཱ་དང་ཀྲུང་གོ་དུས་ཡུན་རིང་བོར་མཛའ་མཐུན་ཡིན་པ་དང་མཉམ་ལས་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཉེ་བའི་ལོ་འགའི་རིང་ལ། ཕྱོགས་གཉིས་ཀྱིས་ཐུན་མོང་གི་རིན་ཐང་འདུ་ཤེས་རྒྱུན་འཁྱོངས་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྲ་བརྟན་དང་རྒྱ་བསྐྱེད་པར་མཐོང་ཆེན་བྱས་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཉམ་ལས་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་། ཐུ་ནི་ཞི་ཡཱ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཁྱབ་ཁོངས་སོ་སོར་ཁེབས་ཤིང་མདུན་ལྗོངས་རྒྱ་ཆེ་བའི་རྣམ་པ་གསར་བའི་གྲོགས་པོའི་འབྲེལ་བ་ཧུར་ཐག་སྒོས་བཙུགས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་སྔར་ལས་མཐོ་བའི་ཆུ་ཚད་དུ་མཐོར་འདེགས་གཏོང་འདོད་ཡོད་ཟེར།
ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་ཐུ་ནི་ཞི་ཡཱའི་ཙུང་ལི་ཧཱ་ཧྲ་ནེ་རྣམ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། ལིས་ཆང་གིས་བསྟན་དོན། བདག་གིས་ཙུང་ལི་ཧཱ་ཧྲ་ནེ་དང་ལག་རྡང་སྦྲེལ་ནས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཀོད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབས་གང་ལེགས་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ཇེ་ཟབ་དང་རྒྱ་བསྐྱེད་བྱས་ཏེ། རྒྱུན་ཆད་མེད་པར་ཀྲུང་གོ་དང་ཐུ་ནི་ཞི་ཡཱའི་མཛའ་མཐུན་མཉམ་ལས་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ཟེར།
ཧཱ་ཧྲ་ནེ་ཡིས་བསྟན་དོན། ཐུ་ནི་ཞི་ཡཱ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་ལ་ཞབས་འདེགས་ཞུ་བར་རེ་སྒུག་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།