ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས།
2024.01.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས།

(22024ལོའི་ཟླ1ཚེས10ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་འཆམ་བྱུང་།)

ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ2024ལོའི་ཟླ1ཚེས8ཉིན་ནས་ཚེས10ཉིན་བར་པེ་ཅིང་དུ་འཚོགས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན132ཡོད་པ་དང་། མི238ཟུར་ཞུགས་བྱས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ལིས་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་འདུར་ཞུགས།

ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགོ་འཛིན་གནང་། ཚང་འཛོམས་གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ལ། 2023ལོའི་སྒྲིག་བཤེར་ལྟ་ཞིབ་བྱ་བར་སྤྱི་སྡོམ་བྱས་པ་དང་། 2024ལོའི་ལས་འགན་བཀོད་སྒྲིག་བྱས་ཤིང་། བློ་མཐུན་ལིས་ཞི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ལྷན་ཁང་གི་ཚབ་བྱས་ནས་ཕུལ་བའི《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ནས་སྐྱོད་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏིང་ཟབ་མོ་གཏོང་དགོས》ཞེས་པའི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚང་འཛོམས་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ནན་མོ་བྱས་པ་དང་གོ་བ་ཟབ་མོ་བླངས། གཅིག་གྱུར་སྒོས་བལྟས་ན། གསུང་བཤད་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་མཐོ་ཚད་ནས་ཏང་གི་རང་ངོས་གསར་བརྗེའི་དགོངས་པ་གལ་ཆེན་རྒྱས་བཤད་གཏིང་ཟབ་མོ་གནང་བ་དང་། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་གནད་དོན་གལ་ཆེན་གསུམ་ལ་ཚན་རིག་དང་མཐུན་པའི་ལན་བཏབ་ལ། རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་བྱེད་པ་དགུ་ཡི་ལག་ལེན་བླང་བྱ་གསལ་བོར་བཏོན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་མཐུད་ངང་ཤུགས་འདོན་པ་དང་སྐུལ་འདེད་གཏིང་ཟབ་མོ་བཏང་ནས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ལ་རེ་བ་ཆེན་པོ་བཅོལ་ཡོད་པ་དང་བླང་བྱ་གསལ་པོ་བཏོན་ཡོད་ལ། གཟིགས་རྒྱང་རིང་བ་དང་། དགོངས་པ་གཏིང་ཟབ་ལ། ནང་དོན་ཕུན་སུམ་ཚོགས། དེས་རང་རེའི་ཏང་གིས་རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་གཏོང་། རང་ངོས་གསར་བཅོས། རང་ངོས་མཐོར་འདེགས་བཅས་ཀྱི་ཚད་མཐོའི་རང་རྟོགས་གང་ལེགས་སྒོས་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་ལས་དུས་རབས་གསར་པའི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་གཅིག་ཏུ་བསྒྲིལ་ཡོད་པ་དང་། ཏང་ཡོངས་ཀྱི་ཚད་མཐོའི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྡུས་ཡོད་པས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ལ། སྐྱོད་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་བསམ་བློའི་མཚོན་ཆ་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད་པར་འདོད། ཚང་མས་གཅིག་གྱུར་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་བཅས་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། སྐྱོད་ལམ་གསར་པའི་སྟེང་ལྷག་བསམ་རྣམ་དག་གིས་རང་འགན་གཙང་སྒྲུབ་བྱས་ཏེ་ཏང་གི་རང་ངོས་གསར་བརྗེའི་རྣམ་པ་གསར་པ་གཏོད་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཟེར།

ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། 2023ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་འགོ་ཚུགས་པའི་ལོ་ཡིན་ལ། ལོ་གསུམ་རིང་གི་རིམས་ནད་འགོག་སྡོམ་གྱི་དུས་མཚམས་བསྒྱུར་རྗེས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་བྱུང་བའི་ལོ་ཞིག་ཀྱང་ཡིན་པས།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གྲུ་གཟིངས་ཆེན་པོ་རྦ་རླབས་ཆེན་པོའི་ཁྲོད་མདུན་དུ་བསྐྱོད་པར་ཁྲིད་སྟོན་མཛད་ཡོད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་རིམ་པ་སོ་སོའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཚན་ཁག་གསར་པ་དང་། རྣམ་པ་གསར་པ། བྱས་རྗེས་གསར་པ”བཅས་ཀྱི་ཐུགས་རེ་དང་བླང་བྱ་བློ་ལ་བརྟན་པོར་བཅངས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་གཙོ་སྙིང་དུ་བྱེད་པ་དང་། ཏང་ཡོངས་ཀྱིས“གཏན་ཕབ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་རྒྱུ་ལས་འགན་དུ་བྱེད་པ། ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དམིགས་འབེན་དང་ཁ་ཕྱོགས་སུ་འཛིན་པ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་དང་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་གི་སློབ་གསོ་དག་ཐེར་གཙོ་གནད་དུ་བཟུང་སྟེ། སློབ་སྦྱོང་ཟབ་མོ་དང་། བརྟག་དཔྱད་ཞིབ་འཇུག དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ། སྔ་ཕྱི་བར་གསུམ་དུ་བརྗོད་བྱ་ནན་མོ་དང་། བྱེད་ཐབས་ནན་མོ། ཁོར་ཡུག་ནན་མོ། རུལ་སུངས་ལ་རྒོལ་བ་བཅས་ལ་ཤུགས་བསྣན་ནས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་གྲུབ་འབྲས་གསར་པ་བླངས་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་འགན་འཁྲི་སྒྲུབ་པའི་སློབ་ཚན་དང་པོར་བརྩིས་ནས་གཙོ་གནད་དཀའ་གནད་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱས་པ་དང་། ལོ་ལྔའི་རིང་གི་བཀོད་སྒྲིག་ལ་དམིགས་ཏེ་སྐྱོད་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་མོ་བྱས་ཡོད། བརྗོད་དོན་སློབ་གསོ་དང་སློབ་གསོ་དག་ཐེར་ཏན་ཏིག་གིས་སྤེལ་བ་དང་། བརྩེ་སེམས་བཅངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ཟབ་མོ་བྱས་ཏེ་གོ་བ་ཟབ་མོ་བླངས་པ་དང་། བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཏེ། ནན་སྐྱོང་ནན་བཅོས་ངང་སྒྲིག་བཤེར་ལྟ་ཞིབ་ཀྱི་ཧྲག་དམག་གསོ་སྐྱོང་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། སྐྱོད་ལམ་གསར་པར་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་ཐུབ་པར་འགན་སྲུང་བྱས་ཡོད། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་རྒྱུན་མཐུད་དང་གཏིང་ཟབ་ཏུ་སྤེལ་ཏེ། དངུལ་རྩ་དང་། རྒྱལ་དབང་ཁེ་ལས། མཐོ་རིམ་སློབ་གྲྭ། ལུས་རྩལ། རྡོ་ཐ། སྨན་བཅོས། འབྲུ་རིགས་ཉོ་ཚོང་། བསྡོམས་རྩིས་སོགས་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་རྩད་ཞིབ་ཐག་གཅོད་ནན་མོ་བྱས་པ་དང་། མ་ལག་རང་བཞིན་གྱི་རུལ་སུངས་ཉེན་ཁའི་མངོན་མེད་རྐྱེན་ངན་གཙང་སེལ་མཐའ་གཅིག་ཏུ་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། ལེན་དཀའ་བའི་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁའི་རྣམ་པ་དེ་ཁྱོན་ཡོངས་ནས་སྲ་བརྟན་དུ་བཏང་། སྙིང་རུས་ལྷོད་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ནས་སྤྱོད་ཚུལ་འཛུགས་སྐྲུན་གྱི་རྒྱུན་རྣམ་དང་ཡུན་ཕན་ལ་སྐུལ་འདེད་བཏང་། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་པ་དང་། དོ་དམ་དང་ལྟ་སྐུལ་ནན་མོ་བྱེད་པ་དང་འགན་འཁུར་ཕྲག་ཏུ་ལེན་པར་སྐུལ་མ་གཏོང་བ་གཉིས་གཅིག་གྱུར་ཡོང་བར་ཡར་སྐུལ་བྱས། བློ་བརྟན་འགྱུར་མེད་ངང་ཆབ་སྲིད་ཀྱི་སྐོར་ཞིབ་ཟབ་སྤེལ་བྱས་ཏེ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ལ་སྐོར་ཞིབ་བྱ་རྒྱུ་ཁྱོན་ཡོངས་ལ་ཁེབས་པ་སྤུས་ཚད་མཐོན་པོས་ལེགས་འགྲུབ་བྱས།  ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་སྐྱོང་བའི་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་བཏང་ཞིང་། ཏང་ཀྲུང་དབྱང་ལ་རོགས་རམ་བྱས་ནས་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་དག་བཅོས་བྱས་ཏེ་ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་ཡོད། གྲུབ་འབྲས་འདི་དག་ཁས་ལེན་པ་དང་མཉམ་དུ། སྒྲིག་བཤེར་ལྟ་ཞིབ་བྱ་བ་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་ཐད་གནས་པའི་གནད་དོན་ལ་དངོས་ཐོག་བདེན་འཚོལ་གྱིས་དབྱེ་ཞིབ་བྱས་ཏེ། ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ནན་མོ་བྱེད་དགོས། 

ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ཀྱི་སྣེ་ཁྲིད་དེ་སྔར་མེད་ཀྱི་ཆོད་སེམས་ལ་བརྟེན་ནས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གསར་གཏོད་རང་བཞིན་དང་མཚོན་རྟགས་རང་བཞིན་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་པ་དང་། ལོ་བརྒྱའི་ཁྲིད་སྟོན་གྱི་ཏང་ཆེན་པོ་ཞིག་གིས་རང་ངོས་གསར་བརྗེ་བྱེད་པའི་བསམ་ཕྱོགས་གསར་པ་བཏོད་ཡོད། དེ་ནི་རང་རེའི་ཏང་གིས“ཟུང་འབྲེལ་གཉིས”མཐའ་འཁྱོངས་ཀྱིས་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་གསར་པ་ཞིག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ལེའུ་གསར་པ་ཞིག་ཡིན་པ་དེའི་སྟེང་ནས་རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྲུན་གྱི་ཆོས་ཉིད་དང་། གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད། དགོངས་པ་གལ་ཆེན་འདིས་ང་ཚོའི་ཏང་གིས“རང་ངོས་གསར་བརྗེ་བྱ་དགོས་དོན་ཅི་ཡིན”ཞེས་པའི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་མོ་བཏབ་ཡོད་པ་དང་། ཏང་ཡོངས་ཀྱི་ཐོག་མའི་བསམ་འདུན་ནམ་ཡང་མི་ཉམས་པར་བྱེད་པ་དང་། འགན་འཁྲི་འཁུར་ཕོད་པའི་རྩ་བའི་ལས་འགན་གསལ་པོར་བསྟན་ཡོད། རང་རེའི་ཏང་གི“རང་ངོས་གསར་བརྗེ་བྱེད་ཐུབ་པའི་རྒྱུ་མཚན་གང་ཡིན་པའི”གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་མོ་བཏབ་ནས་ཏང་ཡོངས་ཀྱིས“ལན་གཉིས་པ”བེད་སྤྱོད་ཡག་པོ་བྱེད་པ་དང་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་ཡོད་ལ། རང་རེའི་ཏང་གིས“ཇི་ལྟར་བྱས་ནས་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་མོ་བཏབ་པ་དང་ཏང་ལ་ནམ་ཡང་སྐྱེ་སྟོབས་དང་གསོན་ཤུགས་ལྡན་པ་དང་རྒྱུགས་འབུལ་ལམ་བུ་རུ་ཡག་པོར་བསྐྱོད་པའི་འོད་སྟོང་འཕྲོ་བའི་མདུན་ལམ་མངོན་ཡོད། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ནི་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། བརྩེ་དུང་ཟབ་མོ་འཆང་བ་དང་། དད་སེམས་བརྟན་པོ་འཆང་བ། འགན་འཁྲི་ཆེན་པོ་འཆང་ནས་སློབ་སྦྱོང་ཟབ་མོ་བྱེད་པ་དང་གོ་དོན་མཐིལ་རྟོགས་བྱེད་པ། དགོངས་པ་གལ་ཆེན་འདིའི་སྙིང་བཅུད་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཡང་དག་པར་ཆུད་པར་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་རང་རྟོགས་ངང་ལག་བསྟར་བྱས་ནས། ནམ་ཡང་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རང་ངོས་གསར་བརྗེ་མཐར་ཕྱིན་པར་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། 2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”འཆར་གཞིའི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་པས། ད་ལོའི་སྒྲིག་བཤེར་ལྟ་ཞིབ་བྱ་བ་ཡག་པོ་སྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་བྱེད་ཕྱོགས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ནས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་དགོས། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་དང་། བརྗོད་དོན་སློབ་གསོ་དང་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། སྤྱོད་ཚུལ་ལེགས་བཅོས་དང་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བའི་རུལ་སུངས་ལ་རྒོལ་བར་སྐུལ་འདེད་གཏིང་ཟབ་གཏོང་བ། སྐྱོད་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས།

གཅིག བློ་སྒྲིལ་སེམས་སྐྱེད་འབུར་དུ་ཐོན་པར་བྱས་ཏེ་བརྗོད་དོན་སློབ་གསོའི་ཕན་འབྲས་ཟབ་སྤེལ་རྒྱ་སྐྱེད་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་ཏང་གི་རང་ངོས་གསར་བརྗེའི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་བརྗོད་དོན་དང་གཙོ་སྙིང་དུ་བྱས་ནས“གྲོས་གཞི་དང་པོའི”ལམ་ལུགས་དང་ཐུན་མོང་སློབ་སྦྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ལག་བསྟར་ནན་མོ་བྱས་ཏེ་ཟབ་སྒྱུར་དང་ནང་སྒྱུར། གཞན་སྒྱུར་བཅས་ཀྱི་ཐད་མུ་མཐུད་དུ་ཤུགས་སྣོན་དགོས་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་རང་རྟོགས་ངང་འདུ་ཤེས་འཚོལ་བ་དང་། བསམ་ཕྱོགས་འཚོལ་བ། བྱེད་ཐབས་འཚོལ་བ་བཅས་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་སྲུང་གི་ཕན་འབྲས་དངོས་སུ་འགྱུར་བར་བྱེད་དགོས།

གཉིས། “སྲུང་སྐྱོང་གཉིས”འབུར་དུ་ཐོན་པར་བྱས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་ཟབ་སྤེལ་བྱེད་དགོས།  ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ཇེ་དམ་དུ་གཏོང་རྒྱུ་དེ་འབུར་དུ་ཐོན་པའི་གནས་སུ་བཞག་ནས། ཆབ་སྲིད་ཀྱི་ལྷག་བསམ་དང་། ཆབ་སྲིད་ཀྱི་བདེ་འཇགས། ཆབ་སྲིད་ཀྱི་འགན་འཁྲི། ཆབ་སྲིད་ཀྱི་ལངས་ཕྱོགས། ཏང་ནང་གི་ཆབ་སྲིད་འཚོ་བ་བཅས་ལ་དམིགས་ཏེ། ཆབ་སྲིད་ཀྱི་ནོར་འཛོལ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་། ཆབ་སྲིད་ཀྱི་མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་སེལ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་ལ་དམ་པོར་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོནཔ་དང་། དོན་འཁྱོལ་བྱེད་ཚུལ་ལ“ཕྱིར་མིག་ལྟ་བ”དེ་རྒྱུན་རྣམ་ཅན་དུ་སྤེལ་ནས་ཏང་ཡོངས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། གོམ་སྟབས་གཅིག་གྱུར་བཅས་ཀྱི་སྒོ་ནས་མདུན་དུ་བསྐྱོད་པར་ལྟ་སྐུལ་བྱེད་དགོས།

གསུམ། འབྱུང་རྐྱེན་མེད་པར་བཟོ་རྒྱུ་འབུར་དུ་ཐོན་པར་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཟབ་སྤེལ་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་མུ་མཐུད་དུ་ཤུགས་འདོན་པ་དང་སྐུལ་སྤེལ་ཟབ་མོ་བྱས་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་སྤེལ་བྱས་ཏེ། མཐོ་གནོན་རྣམ་པ་ཆེ་རུ་གཏོང་བ་དང་། གཙོ་གནད་གནད་དོན་དང་། གཙོ་གནད་ཁྱབ་ཁོངས། གཙོ་གནད་དམིགས་བྱ། རྣམ་པ་གསར་པའི་རུལ་སུངས་དང་མངོན་མེད་རུལ་སུངས་བཅས་ལ་མུ་མཐུད་དུ་དམ་པོར་དམིགས་པ། སྲིད་ཚོང་ངན་འབྲེལ་གྱི་རུལ་སུངས་ལ་ཆད་པ་ནན་མོ་གཅོད་པ་དེ་མཁྲེགས་གཏོར་འཐབ་འཛིང་གི་གལ་འགངས་ཆེ་ཤོས་སུ་བརྩིས་ཏེ་དངུལ་རྩ་དང་། རྒྱལ་དབང་ཁེ་ལས། ནུས་ཁུངས། རྡོ་ཐ། སྨན་བཅོས། རྨང་གཞིའི་འཛུགས་སྐྲུན་བཟོ་སྐྲུན། ཚོང་འགུག་དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་དག་ཐེར་བཅོས་སྐྱོང་གཏིང་ཟབ་མོ་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་ལ་མཐའ་གཅིག་ཏུ་ཆད་པ་གཅོད་པ། རྒྱལ་ཁོངས་ལས་བརྒལ་བའི་རུལ་སུངས་གནད་དོན་གཅིག་བསྡུས་ཀྱིས་དག་ཐེར་བཅོས་སྐྱོང་བྱེད་དགོས། གྱོད་དོན་གྱིས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་པ་དང་། ཁྱབ་ཁོངས་གཙོ་བོའི་སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས། དྲང་ལྡོག་ཕྱོགས་གཉིས་ཀྱི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། དུས་རབས་གསར་པའི་སྤྱོད་གཙང་གི་རིག་གནས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གཙང་རུལ་ཁྲེལ་གྲགས་ཀྱི་སྤྱི་ཚོགས་ཀྱི་སྣང་ཚུལ་ཆགས་པར་སྐུལ་འདེད་གཏོང་དགོས། ལྐོག་རྔན་སྤྲོད་ལེན་ལ་མཉམ་དུ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། ལྐོག་རྔན་སྤྲོད་མཁན་གཙོ་བོར་དམིགས་པའི་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་འཐུས་ཚང་དུ་གཏོང་རྒྱུར་ཤུགས་སྣོན་པ་དང་། རྩིས་བཤེར་སོགས་གནད་དོན་ཐད་ཀྱི་ཁུངས་སྣེ་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས།

བཞི། རྒྱུན་རྣམ་ཡུན་ཕན་འབུར་དུ་ཐོན་པར་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ཟབ་སྤེལ་བྱེད་དགོས། སྒྲིག་འགལ་ངང་བཟའ་བཏུང་བྱེད་པར་ཆེད་དོན་དག་ཐེར་བཅོས་སྐྱོང་བྱས་ནས“གཞུང་ཡིག་རྫུན་མར་བརྟེན་ནས་རྒྱས་བཟའ་རྒྱང་འཐུང་བྱེད་པ”དང་། “ལས་ཁུངས་ཀྱི་ཇ་ཁང་ནས་རྒྱས་བཟའ་རྒྱས་འཐུང་བྱེད་པ”། “སྦྱིན་བདག་ལ་བརྟེན་ནས་རྒྱས་བཟའ་རྒྱས་འཐུང་བྱེད་པ”། “འོག་རིམ་ལ་བརྟེན་ནས་རྒྱས་བཟའ་རྒྱས་འཐུང་བྱེད་པ”སོགས་ཀྱི་གནད་དོན་ཞིབ་བཤེར་ནན་མོ་བྱེད་དགོས། སྤྱོད་ངན་དང་རུལ་སུངས་ལ་མཉམ་བཤེར་མཉམ་བཅོས་བྱེད་པའི་བྱ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས“སྤྱོད་ཚུལ་ལ་ཞིབ་བཤེར་བྱེད་པ་ནས་རུལ་སུངས་ལ་ཞིབ་བཤེར་བྱེད་པ”དང་། “རུལ་སུངས་ཡོང་བསྲང་བྱེད་པ་ནས་སྤྱོད་ཚུལ་ཡོ་བསྲང”བྱེད་དགོས། ལས་བྱེད་པ་དང་མང་ཚོགས་ལ་བསམ་འཆར་ཆེ་བའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་ནན་མོ་བྱས་ནས་འགོ་ཁྲིད་ལས་ཁུངས་ནས་དམ་འཛིན་དང་འགོ་ཁྲིད་ལས་བྱེད་པ་ནས་བཅོས་སྒྲིག་བྱས་ཏེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ལ་ཤུགས་རྐྱེན་བཟོ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པ། གཞི་རིམ་གྱི་ཁུར་པོ་ཇེ་ལྕི་རུ་གཏོང་བ། དབང་ཆའི་ལྟ་བ་ནོར་བ་དང་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་ནོར་བ་སོགས་ཀྱི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས།

ལྔ། གཟབ་ནན་གྱི་གཞི་གདངས་འབུར་དུ་ཐོན་པར་བྱས་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ཟབ་སྤེལ་བྱེད་དགོས། གསར་དུ་བཟོ་བཅོས་བརྒྱབ་པའི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གོ་སྐབས་དང་བསྟུན་ནས་སྒྲིག་ཁྲིམས་ཀྱི་སློབ་གསོར་ཤུགས་སྣོན་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་ནན་ཏན་ངང་སྤེལ་བ། ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་སེམས་ལ་མི་འཛིན་པ་དང་དེར་རྒྱུས་ལོན་མི་བྱེད་པ། སྟངས་འཛིན་མི་བྱེད་པ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། “རྣམ་པ་རིགས་བཞི”ཚད་ལྡན་དུ་བཀོལ་སྤྱོད་བྱེད་པ་ཁྲིད་ཕྱོགས་སུ་བྱས་ཏེ་སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱས་ནས། ངོ་བོ་གཏན་འཁེལ་དང་སྒྲིག་ཁྲིམས་ཚད་འབེབས་ཡང་དག་བྱས་ཏེ་ཁྲིམས་འཛིན་པར་སྐུལ་འདེད་གཏོང་དགོས་ལ། ཆབ་སྲིད་ཀྱི་འགན་འཁྲི་ཇེ་དམ་དུ་གཏོང་རྒྱུ་དེ་ཐབས་ཤེས་སུ་བྱས་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ་རང་འགན་རང་འཁུར་དང་གཅིག་གྱུར་མཐུན་སྦྱོར་གྱི་འགན་འཁྲིའི་རྣམ་པ་འཐུས་ཚང་དུ་འཛུགས་དགོས་ལ། འགན་འཁྲི་འདྲི་རྩད་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

དྲུག ཆབ་སྲིད་ཀྱི་ངེས་གནས་འབུར་དུ་ཐོན་པར་བྱས་ཏེ་སྐོར་ཞིབ་བྱ་བ་ཟབ་སྤེལ་བྱེད་དགོས། སྐོར་ཞིབ་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རིམ་སྤོར་སྐོར་ཞིབ་དང་མཉམ་འགུལ་སྐོར་ཞིབ་ཐད་འཚོལ་ཞིབ་ཟབ་མོ་བྱེད་པ། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྐོར་ཞིབ་བྱ་བར་མཛུབ་སྟོན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་དབྱང་ལས་ཁུངས་ནང་ཁུལ་གྱི་སྐོར་ཞིབ་ལ་དུམ་ཁག་བགོ་བ་དང་ལས་རིགས་བགོས་ཏེ་མཛུབ་སྟོན་བྱེད་པའི་བྱ་བའི་ལམ་སྲོལ་འཛུགས་པ། གྲོང་ཁྱེར་དང་རྫོང་གི་སྐོར་ཞིབ་གཞི་རིམ་དུ་ཁྱབ་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྐོར་ཞིབ་བྱ་བའི་སྲོལ་ཡིག་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། སྐོར་ཞིབ་བྱ་ཡུལ་གྱི་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་སྐོར་ཞིབ་ལས་དོན་ལ་གཞོགས་འདེགས་བྱེད་པའི་གཏན་འབེབས་སོགས་ལ་བཟོ་བཅོས་བརྒྱབ་སྟེ། སྐོར་ཞིབ་དག་ཐེར་གྱི་དུས་འཁོར་ཧྲིལ་པོར་ཁྱབ་པའི་འགན་འཁྲིའི་མ་ལག་དང་ལམ་ལུགས་ཀྱི་ལས་རིམ་འཛུགས་དགོས།

བདུན། ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། དངོས་གཞི་ཅན་བཅས་འབུར་དུ་ཐོན་པར་བྱས་ཏེ་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་དང་ལམ་ལུགས་འཛུགས་སྐྲུན་ཟབ་སྤེལ་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ནང་ཁུལ་གྱི་ལས་ཁུངས་སྒྲིག་བཀོད་དང་འགན་ནུས་སྒྲིག་བཀོད། སྟོབས་ཤུགས་བཀོད་སྒྲིག་བཅས་འཐུས་ཚང་དུ་གཏོང་དགོས། མངགས་གཏོང་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་རིམ་སློབ་གྲྭའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་ས་གནས་སྒྲིག་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་སྒོས་ཞིབ་བཤེར་བརྟག་དཔྱད་བྱེད་པའི་བསམ་འཆར་གཏན་འབེབས་བྱས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོའི་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་དང་རྒྱལ་དབང་ཁེ་ལས་ལ་སྒྲིག་བཤེར་ལྟ་ཞིབ་ཚན་ཆུང་མངགས་གཏོང་ཚོད་ལྟ་བྱེད་པར་མཛུབ་སྟོན་བྱེད་པ་དང་། དོ་དམ་མ་ལག་གི་ཞིང་ཆེན་རིམ་པ་མན་གྱི་ལས་ཁུངས་སུ་ལས་ཐོག་ཉེས་བསགས་དོགས་ཡོད་གྱོད་དོན་བདག་ཁོངས་དང་ལྟ་ཞིབ་བྱེད་ཐབས་བེད་སྤྱོད་བཅོས་སྒྱུར་གྱི་ཚོད་ལྟ་བྱེད་དགོས། “ཚན་ཁག”བར་དུ་མཐུན་སྦྱོར་ལྟ་སྐུལ་དང་། “གཞུང་སྒྲུབ་ཁང་དང་ཚན་ཁག”བར་དུ་མཉམ་འགུལ་ལྟ་སྐུལ། “གཞུང་སྒྲུབ་ཁང་དང་ཚན་ཁག ས་ཁུལ”བཅས་བར་དུ་མཉམ་འབྲེལ་གྱོད་སྒྲུབ་བཅས་ཀྱི་ལམ་སྲོལ་མུ་མཐུད་དུ་འཐུས་ཚང་དུ་གཏོང་དགོས། ཏང་ཀྲུང་དབྱང་ལ་གཞོགས་འདེགས་བྱས་ནས《ཏང་ཙུའུ་ཡིས་ཏང་ཡོན་ལ་ཆད་པ་གཅོད་པའི་དོན་དག་གྲོས་བསྡུར་ཐག་གཅོད་བྱ་བའི་གོ་རིམ་གཏན་འབེབས(ཚོད་ལྟའི་ལག་ལེན)》སོགས་ལ་བཟོ་བཅོས་རྒྱག་དགོས། ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་ཁྲིད་དུ་བྱེད་པ་དང་། ལྟ་སྐུལ་སྣ་ཚོགས་འབྲེལ་མཐུད་ཀྱི་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ། “གཙོ་འགན་འཁུར་མཁན”དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གཞི་གྲངས་ལག་རྩལ་དེ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ལས་སྒོ་སོ་སོའི་ནང་ཟབ་ཞུགས་བྱེད་པར་སྐུལ་འདེད་བཏང་སྟེ། གཞི་གཅིག་ཅན་གྱི་བྱ་བའི་ལས་སྟེགས་བསྐྲུན་དགོས།

བརྒྱད། རང་ངོས་གསར་བརྗེ་མཐར་ཕྱིན་པ་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་འབུར་དུ་ཐོན་པར་བྱས་ནས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་རང་ངོས་འཛུགས་སྐྱོང་ཟབ་སྤེལ་བྱེད་དགོས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ཁོངས་གཏོགས་ཡོངས་ཀྱི་རང་ངོས་གསར་བརྗེ་བྱེད་པའི་མིག་དཔེ་དང་སྒྲིག་བཀུར་ཁྲིམས་སྲུང་བྱེད་པའི་དཔེ་སྟོན་བྱེད་པར་སྣེ་ཁྲིད་བྱེད་དགོས། བསམ་བློའི་སྟེང་རང་ངོས་གསར་བརྗེ་བྱེད་ཕོད་པར་བྱས་ནས། རྒྱུན་རྣམ་ཅན་གྱི་ཆབ་སྲིད་སློབ་གསོ་དང་ཏང་གཤིས་སློབ་གསོ་སྤེལ་ཏེ། ཐོག་མཐའ་བར་གསུམ་དུ་མཐའ་གཅིག་ཏུ་བློ་དཀར་སེམས་དཀར་དང་། རྦད་དེ་བློ་གཏད་ཆོག་པ། མཐའ་གཅིག་ཏུ་སྤྱོད་པ་གཙང་བ་བཅས་བྱེད་དགོས། སྤྱོད་ཚུལ་ཐད་རང་ངོས་གསར་བརྗེ་བྱེད་ཕོད་པར་བྱས་ཏེ། “ངེས་པར་དུ་གསུམ་”ཡིད་ལ་བརྟན་པོར་ངེས་པར་བྱེད་པ་དང་། “ནན་གསུམ་རྣལ་གསུམ”ལག་ལེན་བྱེད་པ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་བློ་སྤོབས་བརྟན་པོ་བཅངས་ནསསྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་འགན་འཁྲི་ནན་མོར་སྒྲུབ་དགོས། སྤྱོད་གཙང་ཐད་རང་ངོས་གསར་བརྗེ་བྱེད་ཕོད་པར་བྱས་ཏེ། ལས་བྱེད་པའི་དཔུང་ཁག་ནང་གནས་པའི་འབུར་ཐོན་གནད་དོན་ལ་ཞིབ་བཤེར་བྱེད་པ་དང་། གྲུ་ཁ་ནང་ལ་བསྐོར་ནས་མང་ཚོགས་ལ་གནོད་པའི་མི་ངན་གཙང་སེལ་བྱེད་པ། “སྒྲོན་འོག་མུན་པ”ལྟ་བུའི་གནད་དོན་འགོག་བཅོས་མཐའ་གཅིག་ཏུ་བྱེད་དགོས། དོ་དམ་ནན་མོ་བྱེད་པའི་ཐད་རང་ངོས་གསར་བརྗེ་བྱེད་ཕོད་པར་བྱས་ཏེ། ལས་བྱེད་པར་རྒྱུན་གཏན་རང་བཞིན་གྱི་ལྟ་སྐུལ་ཞིབ་ཚགས་དང་ཏན་ཏིག་བྱས་ནས་ལྟ་ཞིབ་དཔོན་གྱི་ལས་རིགས་འགན་ལེན་གྱི་མ་ལག་ཚང་བའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ལས་བྱེད་པས་བློ་བདེ་མོར་འགན་འཁྲི་སྒྲུབ་པ་དང་བྱས་རྗེས་འཇོག་རྒྱུར་སྐུལ་མ་གཏོང་དགོས།

ཚང་འཛོམས་གྲོས་ཚོགས་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ་སེམས་མཐུན་སྟོབས་སྒྲིལ་དང་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ་དང་། ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་འགྱུར་དང་སྒྱིད་ལུག་གཏན་ནས་མི་བྱེད་པའི་བསམ་བློའི་འཁྱེར་སོར་བརྟེན་ནས་སྐྱོད་ལམ་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བྱས་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་གནང་།

ཤ་བོ་གསེར་མཚོས་བསྒྱུར།