ཀྲའོ་ལི་ཅི་ཡིས་མར་ཏི་ཝེ་ཡི་ཙུང་ཐུང་མུའུ་དབྱི་ཚི་ལ་མཇལ་འཕྲད་གནང་།
2024.01.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས11ཉིན་པེ་ཅིང་དུ་མར་ཏི་ཝེ་ཡི་ཙུང་ཐུང་མུའུ་དབྱི་ཚི་ལ་མཇལ་འཕྲད་གནང་།

ཟླ1པའི་ཚེས11ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་མར་ཏི་ཝེ་ཡི་ཙུང་ཐུང་མུའུ་དབྱི་ཚི་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གིས་ཀྲུང་གོ་དང་མར་ཏི་ཝེའི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་རིམ་སྤོར་བྱ་རྒྱུ་མཉམ་དུ་ཁྱབ་བསྒྲགས་བྱས་པ་དེར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། སྲོལ་རྒྱུན་གྱི་མཛའ་བརྩེ་དར་སྤེལ་གཏོང་བ། འཐབ་ཇུས་ཐད་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་མར་ཏི་ཝེའི་འབྲེལ་བར་ལེའུ་གསར་པ་ཞིག་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། ཀྲའོ་ལི་ཅི་ཡིས་ཀྲུང་གོ་ཕྱོགས་ཀྱི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་སྐོར་གྱི་འདུ་ཤེས་དང་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་མར་ཏི་ཝེ་མི་དམངས་གྲོས་ཚོགས་བར་གྱི་རིམ་པ་སོ་སོའི་འགྲོ་འོང་ལ་ཤུགས་སྣོན་པ་དང་། རྒྱུན་མཐུད་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཐད་ཀྱི་ཁྲིམས་འཛུགས་ཉམས་མྱོང་བརྗེ་རེས་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད། 

མུའུ་དབྱི་ཚི་ཡིས་བསྟན་དོན། མར་ཏི་ཝེ་ཡིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཀྲུང་གོའི་བར་གྱི་སྲོལ་རྒྱུན་མཛའ་མཐུན་གྱི་རྒྱུན་མུ་མཐུད་དུ་བསྐྱངས་ནས་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ་མར་ཏི་ཝེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་འདོད་ཡོད་ཟེར། 

ཝུའུ་ཝེ་ཧྭ་ཐུག་འཕྲད་ལ་ཞུགས། 

ཤ་བོ་གསེར་མཚོས་བསྒྱུར།