ལིས་ཆང་གིས་མར་ཏི་ཝེ་ཡི་ཙུང་ཐུང་མུའུ་དབྱི་ཚི་ལ་མཇལ་འཕྲད་གནང་།
2024.01.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ1པའི་ཚེས11ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་མར་ཏི་ཝེ་ཡི་ཙུང་ཐུང་མུའུ་དབྱི་ཚི་ལ་མཇལ་འཕྲད་གནང་།

ཟླ1པའི་ཚེས11ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་མར་ཏི་ཝེ་ཡི་ཙུང་ཐུང་མུའུ་དབྱི་ཚི་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་མར་ཏི་ཝེའི་བར་འབྲེལ་བ་བཙུགས་པ་ནས་བཟུང་རྒྱལ་ཁབ་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་པས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཉིན་རེ་བཞིན་ཇེ་ཟབ་ཏུ་ཕྱིན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཁ་སང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གིས་མཉམ་དུ་ཀྲུང་གོ་དང་མར་ཏི་ཝེའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་རིམ་སྤོར་བྱ་རྒྱུ་ཁྱབ་བསྒྲགས་བྱས་ནས་རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ལེའུ་གསར་པ་ཞིག་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མར་ཏི་ཝེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་གལ་ཆེན་བརྩི་སྲུང་བྱས་ནས་སྲོལ་རྒྱུན་གྱི་མཛའ་བརྩེ་དར་སྤེལ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཇེ་ཟབ་ཏུ་གཏོང་བ། རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ཏེ་ཀྲུང་གོ་དང་མར་ཏི་ཝེ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མར་ཏི་ཝེ་བར་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་སྔར་ལས་སྦྲེལ་མཐུད་བྱས་ཏེ་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་སྣེ་ཁྲིད་དུ་བྱས་ནས་དངོས་གཉེར་མཉམ་ལས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་མུ་མཐུད་དུ་ཆེ་རུ་བཏང་སྟེ་ཐོན་ལས་གླིང་ཁུལ་དང་། གཞི་གྲངས་དཔལ་འབྱོར། རྒྱ་མཚོའི་ཉ་ལས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ཧུར་ཐག་གིས་འཚོལ་ཞིབ་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་སློབ་གསོ་དང་། ལུས་རྩལ། ཡུལ་སྐོར་སོགས་མི་གཞུང་བརྗེ་རེས་ལ་སྔར་ལས་ཤུགས་བསྣན་ནས་ཀྲུང་གོ་དང་མར་ཏི་ཝེའི་མཛའ་མཐུན་གྱི་དམངས་འདོད་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།

མུའུ་དབྱི་ཚི་ཡིས་བསྟན་དོན། ད་ཐེངས་ཀྲུང་གོར་འཚམས་འདྲིར་ཡོང་བ་འདི་ནི་ངས་ལས་འགན་འཁུར་བའི་ཚུན་ལ་རྒྱལ་དོན་འཚམས་འདྲི་བྱེད་ཐེངས་དང་པོ་ཡིན། མར་ཏི་ཝེ་ཡིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས་ཀྲུང་གོ་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དང་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ། འཛམ་གླིང་ཧྲིལ་པོའི་བདེ་འཇགས་གྲོས་འགོ། འཛམ་གླིང་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་བཅས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། མར་ཏི་ཝེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་མར་ཏི་ཝེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོའི་བར་གྱི་དཔལ་འབྱོར་ཚོང་དོན་དང་། གཞི་གྲངས་དཔལ་འབྱོར། རྒྱ་མཚོའི་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཡུལ་སྐོར་སོགས་མི་གཞུང་བརྗེ་རེས་ལ་ཤུགས་བསྣན་ཏེ་གཉིས་ཕན་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་ཡོང་བར་བྱེད་འདོད་ཡོད་ཟེར།

ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།