སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གསུང་བཤད་གལ་ཆེན་གནང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཅིག་གྱུར་འཆར་འགོད་བྱེད་པའི་མཐོ་ཚད་ནས་དུས་རབས་གསར་པའི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལག་ལེན་ཉམས་མྱོང་དང་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཕྱོགས་སྡོམ་གཏིང་ཟབ་མཛད་དེ་ཏང་གི་རང་ངོས་གསར་བརྗེའི་དགོངས་པ་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་འཐབ་ཇུས་ཀྱི་བཀོད་སྒྲིག་གནང་ནས་དུས་རབས་གསར་བ་དང་སྐྱོད་ལམ་གསར་བར་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེར་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ཆེན་པོ་བྱུང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པའི་ལོ་བཅུའི་ནང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལག་ལེན་དང་རིགས་པའི་གཞུང་ལུགས་འཚོལ་ཞིབ་ཁྲོད་ང་ཚོས་ཏང་གི་རང་ངོས་གསར་བརྗེ་ཐད་ཀྱི་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་། ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཇེ་ཚོགས་སུ་བཏང་བས་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པ་དང་། རང་རེའི་ཏང་གིས་རང་ངོས་གསར་བརྗེ་བྱེད་དགོས་དོན་གང་ཡིན་པ་དང་། ཅིའི་ཕྱིར་རང་ངོས་གསར་བརྗེ་བྱེད་ཐུབ་པ། རང་ངོས་གསར་བརྗེ་ལ་སྐུལ་འདེད་ཇི་ལྟར་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་ལ་བརྒྱུད་རིམ་ལྡན་པའི་ངང་ལན་བཏབ་ཡོད།
རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་ནི་གཟིགས་རྒྱང་རིང་བ་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་པ་དེའི་སྟེང་ནས་རང་རེའི་ཏང་གིས་རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ངོས་མཐོར་འདེགས་བཅས་ཀྱི་ཚད་མཐོའི་རང་རྟོགས་གང་ལེགས་སྒོས་མངོན་ཡོད་ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། གཞུང་དྲང་གསར་གཏོད་བཅས་མཐའ་འཁྱོངས་བྱས་ཏེ་ལག་ལེན་འཚོལ་ཞིབ་དང་རིགས་པའི་གཞུང་ལུགས་གསར་གཏོད་ཟམ་མི་ཆད་པར་བྱེད་པ་དང་། ཏང་གི་རང་ངོས་གསར་བརྗེའི་ཆོས་ཉིད་ཐད་ཀྱི་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། ཏང་གི་རང་ངོས་གསར་བརྗེའི་བསམ་ཕྱོགས་དང་བྱེད་ཐབས་སྔར་ལས་གཟབ་ནན་དུ་གཏོང་བ། འཐབ་ཕྱོགས་སོ་སོ་དང་ལྷུ་ཚིགས་སོ་སོའི་རང་ངོས་གསར་བརྗེ་དམ་འཛིན་ཞིབ་ཕྲ་དང་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐྱོད་ལམ་གསར་པའི་སྟེང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ངེས་པར་དུ་རུལ་སུངས་ཀྱི་གནད་དོན་གྱི་འབྱུང་རྩ་དང་ཆ་རྐྱེན་མེད་པར་བཟོ་བའི་ཐད་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་གཏིང་ཟབ་ངང་སྐུལ་འདེད་གཏོང་དགོས།
ཤ་བོ་གསེར་མཚོས་བསྒྱུར།