ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བསྡུས།
2024.01.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

ཟླ1པའི་ཚེས11ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟི་ལིང་དུ་བསྡུས།

ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟླ1པའི་ཚེས11ཉིན་ཟི་ལིང་དུ་བསྡུས། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ལ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་ཟབ་མོ་བྱས་ཏེ། 2023ལོའི་བྱ་བ་སྤྱི་སྡོམ་བྱས་པ་དང་། 2024ལོའི་ལས་འགན་བཀོད་སྒྲིག་བྱས་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་ཆེད་འབད་འཐབ་ལྷོད་མེད་བྱེད་པར་སྐུལ་སློང་བྱས།

ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས2023ལོའི་བྱ་བའི་སྙན་ཞུ་ཕུལ་བ་དང་། 2024ལོའི་དཔལ་འབྱོར་སྤྱི་ཚོགས་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་ཚབ་བྱས་ནས2023ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བྱ་བ་སྤྱི་སྡོམ་བྱས་པ་དང་། 2024ལོའི་བྱ་བ་བཀོད་སྒྲིག་ཞིབ་མོ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཝེ་ཏུང་དང་ཀྲའོ་ཡུའེ་ཞ། ཚེ་རིང་ཐར། དབྱང་ཧྥ་སིན། ཝང་ཏ་ནན། ཝང་ལིན་ཧུའུ། ཝུའུ་ལཱ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། པད་ཁོ། ཀྲུའུ་ཞང་ཧྥིན་བཅས་གྲོས་ཚོགས་ལ་ཞུགས།

ཚང་འཛོམས་གྲོས་ཚོགས་སྟེང་བལྟས་ན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་གཞུང་ལུགས་གལ་ཆེན་གསར་བ་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་ལན་གསལ་བོ་བཏབ་སྟེ། དུས་རབས་གསར་བའི་དཔལ་འབྱོར་བྱ་བ་བཟང་བོར་སྒྲུབ་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ཞིང་ཆེན་གོང་འོག་ཡོངས་ཀྱིས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་ལས་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ། བློ་རྩ་བརྟན་པོ་དང་རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་དཔལ་འབྱོར་ཐད་ནས་བླངས་པའི་གྲུབ་འབྲས་གཡུར་དུ་ཟ་བར་གོ་བ་ཟབ་མོ་བླངས་ཏེ་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་ཀྲུང་དབྱང་གི་དཔལ་འབྱོར་གནས་བབ་ཐད་ཀྱི་ཚན་རིག་གི་ཞིབ་གཅོད་ལ་གོ་བ་ཟབ་མོ་བླངས་ཏེ་ཁོང་དུ་ཆུད་པར་བྱེད་པ། དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་སྔོན་དཔག་གི་དམིགས་འབེན། སྲིད་ཇུས་ཀྱི་ཁ་ཕྱོགས་བཅས་ལ་གོ་བ་ཟབ་མོ་བླངས་ཏེ་ཁོང་དུ་ཆད་པར་བྱེད་པ། གྲོས་ཚོགས་ཀྱིས་བཀོད་སྒྲིག་བྱས་པའི་ལས་འགན་གཙོ་བོ་དགུ་ལ་གོ་བ་ཟབ་མོ་བླངས་ཏེ་ཁོང་དུ་ཆུད་པར་བྱེད་པ། ཏང་གི་དཔལ་འབྱོར་བྱ་བའི་ཐད་ཀྱི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པའི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ཏེ་ཁོང་དུ་ཆུད་པར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐུལ་སྤེལ་བྱེད་པའི་ཆེས་ཆེ་བའི་ཆབ་སྲིད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཏེ་དུས་རབས་གསར་བའི་གནས་ལུགས་ཆེན་པོ་འདི་ལ་དམ་དུ་དམིགས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། དཔལ་འབྱོར་ཐད་ནས་སྤུས་ཀའི་ནུས་ལྡན་མཐོར་འདེགས་དང་གྲངས་འབོར་གྱི་ལུགས་མཐུན་འཕར་སྣོན་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕུལ་བྱུང་རྒྱུགས་ལན་སྤྲོད་དགོས་པར་འདོད།

ཚང་འཛོམས་གྲོས་ཚོགས་ཀྱིས་ན་ནིང་གི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་བྱས། འདས་པའི་ལོ་གཅིག་རིང་། མཚོ་སྔོན་གྱི་དོན་ཆེན་དང་དོན་གནད་གཅིག་ཏུ་འདུས་ཡོད་པ་དང་། བྲེལ་མྱུར་ཆེ་བ་དང་དཀའ་ཁག་ཆེ་བའི་དོན་དག་གཅིག་ཏུ་བརྩེགས་ཤིང་། ཉེན་ཁ་སྣ་ཚོགས་གཅིག་ཏུ་བསྣོལ་ཡོད་པ་དང་། བཅོས་སྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་ལས་འགན་ཧ་ཅང་ལྕི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཏང་ཨུས་ཞིང་ཆེན་གོང་འོག་ཡོངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། མངགས་བཅོལ་སེམས་ལ་དམ་པོར་བཟུང་བ་དང་དྲིན་གཟོ་འབད་འཐབ་བྱས་ལ། དཀའ་ཁག་གདོང་གིས་བསུས་པ་དང་དཀའ་ངལ་ཁྱད་སེལ་བྱས་ཤིང་། གོ་སྐབས་དམ་འཛིན་དང་བདེན་འཛིན་དངོས་སྒྲུབ་བྱས་པ་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་ཐད་ཤུགས་བཏོན་པས། ལས་དོན་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་ཡོད་པར་འདོད།

ཚང་འཛོམས་གྲོས་ཚོགས་ཀྱིས2023ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བྱ་བར་ཕྱིར་ལྟ་དང་སྤྱི་སྡོམ་བྱས།2023ལོར། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རླབས་ཕྲེང་ལྟར་འཕེལ་རྒྱས་སུ་སོང་བ་དང་། ཀྱག་ཀྱོག་སྒོས་མདུན་སྐྱོད་བྱས་ནས། ལོ་ཧྲིལ་བོར་སྔོན་ལ་མགྱོགས་པ་དང་བར་དུ་འཕར་བ། རྗེས་མར་བརྟན་པ་བཅས་ཀྱི་རྣམ་པ་མངོན་ལ། སྤྱིའི་ཆ་ནས་སླར་གསོ་བྱུང་བ་བཟང་ཞིང་། སྔོན་དཔག་དམིགས་འབེན་གཙོ་བོ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་། མཐོ་ས་གསར་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། སྲིད་ཇུས་བྱེད་ཐབས་ཐད་ནས་ཕན་ནུས་གསར་བ་མངོན་ལ། གནས་བཞི་འཛུགས་སྐྲུན་ཐད་ནས་འགྲན་ལམ་གསར་བ་བཏོད་པ་དང་། བཅོས་སྒྱུར་སྒོ་འབྱེད་ཐད་ནས་གསོན་ཤུགས་གསར་བ་བསྐྱེད་ཅིང་། དམངས་ཚིས་བདེ་སྐྱིད་ཐད་ནས་མཐོར་འདེགས་གསར་བ་བྱུང་ལ། ཡོམ་འགོག་རྒུད་སྐྱོབ་ཐད་ནས་ཉམས་སད་གསར་བ་ཐེག་པ་དང་། འཕེལ་རྒྱས་ཀྱི་གཏན་འཇགས་རང་བཞིན་དང་མཐུན་སྦྱོར་རང་བཞིན། རྒྱུན་སྲིང་རང་བཞིན་བཅས་སྔར་ལས་ཇེ་དྲག་ཏུ་སོང་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བརླིང་ངང་སྐུལ་སྤེལ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད་ཅེས་བསྟན།

ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། གྲུབ་འབྲས་བླངས་པ་ནི་ལས་སླ་མོ་ཞིག་མིན་པར་མ་ཟད་ཧ་ཅང་རྩ་ཆེ། དེའི་སྲོག་ཤིང་ནི་ང་ཚོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲངས་པ་དང་། ཏང་ཀྲུང་དབྱང་གི་འགྲོས་དང་བསྟུན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་དུ་ལག་བསྟར་བྱས་པ་དེ་ཡིན་ལ། དེ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལས་དོན་ཐད་ནས་རྒྱལ་ཁ་ལེན་པའི་ཐབས་མཆོག་ཡིན། རྩ་བ་ནི་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱས་ཏེ། “ངོས་ཟིན་མི་གསལ་བ་བཞི”གཙང་བཟོ་དང“འབྲེལ་བ་བཞི”གསལ་བཟོ་བྱས་པ་དེ་ཡིན་ལ། དེ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལས་དོན་གོང་འཕེལ་འབྱུང་བར་བྱེད་པའི་བསམ་བློའི་གོ་ཆ་ཡིན། གནད་འགག་ནི་ང་ཚོས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏནའབེབས་བྱས་པའི་དམིགས་འབེན་ལས་འགན་དང་འཐབ་ཇུས་བྱེད་ཐབས་ལྟར། འཆར་གཞི་མཐའ་གཅིག་ཏུ་འགོད་པ་རྒྱུན་འཁྱོངས་བྱས་པ་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་ཁྲིད་ཕྱོགས་གསལ་བོ་བཙུགས་ཏེ། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་སྤེལ་གཏོང་བའི་དུས་རབས་ཀྱི་འབོད་བརྡ་བཏང་ཞིང་། སྒྲུབ་འདོད་པ་དང་སྒྲུབ་ཕོད་པ། སྒྲུབ་ཤེས་པ་དེ་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་དར་སྲོལ་གསར་བ་རུ་འགྱུར་བར་བྱས་པ་དེ་ཡིན་ལ། དེ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལས་དོན་རྒྱུན་མ་ཆད་པར་གོང་དུ་སྤེལ་བའི་རྩ་བའི་འགན་སྲུང་ཡིན།

ཚང་འཛོམས་གྲོས་ཚོགས་སྟེང་ད་ལོའི་ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱིའི་བླང་བྱ་བཏོན་པ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དུ་དངོས་འབེབས་བྱེད་པ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་རེ་རེའི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་འཛུགས་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་དང་ཆ་ཚང་བ། ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། ནང་མཁོ་རྒྱ་བསྐྱེད་པ་དང་མཁོ་འདོན་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་གཅིག་འདོམས་བྱེད་པ། དཔེ་གསར་མཁར་གྲོང་ཅན་དང་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་གཅིག་འདོམས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་འདོམས་བྱེད་པ། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་རེ་བ་ལག་བསྟར་བྱེད་པ་དང་། གསར་སྤེལ་གསར་གཏོད་དང་ཡར་བརྩོན་ལྷོད་མེད་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་བ་ཧུར་ཐག་གིས་འབྲི་དགོས།

ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་དམིགས་འབེན་གྱིས་ངར་ཤུགས་སློང་བ་དང་བརྩོན་སེམས་བསྐྱེད་འོང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་རྒྱུ་ནི་ཕུགས་འདུན་སེམས་སུ་ཉར་ནས་ཞུམ་མེད་མདུན་སྐྱོད་བྱེད་པའི་རྒྱང་སྐྱོད་ཅིག་ཡིན་པ་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ་ནི་དུས་རབས་ཀྱི་འབོད་སྐུལ་དང་འགན་འཁྲིའི་དུང་བརྡ། མི་དམངས་ཀྱི་རེ་སྒུག་བཅས་ཡིན། ལས་བྱེད་པས་སྒྲུབ་དགོས་ན་གོ་རྟོགས་དང་ཁག་ཁུར། སྐྱེས་འབུལ་བཅས་ལས་མངོན་ཞིང་། གོ་རྟོགས་ནི་སྒྲུབ་པའི་ནང་རྐྱེན་དང་། ཁག་ཁུར་ནི་སྒྲུབ་པའི་སྤྱོད་ལམ། སྐྱེས་འབུལ་ནི་སྒྲུབ་པའི་རྟོགས་པ་ཡིན། བསམ་ཕྱོགས་གསལ་དགོས་ན། གནད་འགག་ནི་ལངས་ཕྱོགས་དང་ལངས་གནས། བྱེད་ཐབས་བཅས་ལ་ལྟ་དགོས་ཤིང་། ལངས་ཕྱོགས་ནི་བསམ་ཕྱོགས་གསལ་བར་བྱེད་པའི་རིན་ཐང་གི་འགོ་ཁུངས་ཡིན་ལ། ལངས་གནས་ནི་བསམ་ཕྱོགས་གསལ་བར་བྱེད་པའི་རྩ་བའི་གནས་ཚད་ཡིན་པ་དང་། བྱེད་ཐབས་ནི་བསམ་ཕྱོགས་གསལ་བར་བྱེད་པའི་གཞི་རྩའི་སྙིང་པོ་ཡིན། རང་གཅུན་ནན་མོ་བྱེད་དགོས་ན། སྙིང་པོ་ནི་སྒྲིག་སྲུང་དང་གུས་སྐྲག བློ་སྦྱོང་བཅས་ཀྱི་སྟེང་ཡོད་པ་དང་། སྒྲིག་སྲུང་ནི་རང་གཅུན་གྱི་ཚད་མཐའ་ཡིན་ལ། གུས་སྐྲག་ནི་རང་གཅུན་གྱི་རང་སྐྱོན་རང་ཞིབ་ཡིན་པ་དང་། བློ་སྦྱོང་ནི་རང་གཅུན་གྱི་རྨང་རྡོ་ཡིན། ང་ཚོ་མི་རེ་རེ་ནས་འགོ་བརྩམས་ཏེ་ལག་བསྟར་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་མཛད་པའི་ཁ་ཕྱོགས་བརྒྱུད་དེ་ཞུམ་མེད་མདུན་སྐྱོད་བྱས་ན། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ནང་སྐྱེས་སྒུལ་ཤུགས་དང་བསམ་པའི་སྟོབས་ཤུགས་རྒྱུན་མ་ཆད་པར་ཡར་རྒྱས་གོང་འཕེལ་དུ་འགྲོ་སྲིད།

ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྔར་ལས་དངོས་གཉེར་ནུས་ལྡན་སྒོས་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རྒྱུན་མཐུད་ངང་གསར་སྐྲུན་བྱེད་དགོས། མཛེས་པའི་ཀྲུང་གོའི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པར་དམིགས་ནས་རང་ཞིང་གི་ལག་ལེན་གྱི་ཐབས་ལམ་ལ་ཞིབ་འཇུག་དང་ཇུས་འགོད་བྱེད་པ་དང་། ས་བབ་དང་བསྟུན་ནས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་འཆར་འགོད་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྒྲིག་ལུགས་རྐྱེན་སྲོལ་གྱི་གསར་གཏོད་ཟབ་སྤེལ་བྱེད་པ། རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་ལེགས་སྒྱུར་བྱེད་པ། “རི་གཉིས”ཀྱི་སྒྱུར་སྤོར་ཐབས་ལམ་རྒྱ་བསྐྱེད་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་བསྟན་པའི་གནད་དོན་དག་ཐེར་ལེགས་བཅོས་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་གོ་རིམ་ལྡན་པར་སྤེལ་དགོས། ཐོན་ལས་ཀྱི་གནས་བཞི་སྣེ་ཁྲིད་དུ་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་དགོས། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་བྱེད་ཚད་གོ་རིམ་མེད་པར་རྒྱ་བསྐྱེད་པའི་གནད་དོན་མཐའ་གཅིག་ཏུ་ཐག་གཅོད་པ་དང་། དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་གནས་ལྔ་གཞི་གཅིག་གི་སྐུལ་སྤེལ་རྣམ་པ་འཛུགས་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་སྟེ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་རྒྱུ་དེ་སྣེ་ཁྲིད་དུ་བྱེད་པ། “རྐང་གཅིག་སྐོར་གཅིག་རྒྱུད་མང”གི་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་སྐྲུན་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རྟགས་དགེ་མཚན་ཆེ་རུ་བསྐྱེད་དགོས། ཕན་ལྡན་དགོས་མཁོ་ཧུར་ཐག་གིས་རྒྱ་བསྐྱེད་དགོས། སྲིད་གཞུང་གི་དངུལ་གཏོང་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། དམངས་ཁྲོད་ཀྱི་དངུལ་གཏོང་གསོན་ཤུགས་ཆེ་རུ་བསྐྱེད་པ། ལས་གཞི་ལག་བསྟར་དམ་འཛིན་བྱེད་པ། བུན་སེལ་དང་དངུལ་གཏོང་རྒྱ་བསྐྱེད་པའི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ། སྲོལ་རྒྱུན་གྱི་འཛད་སྤྱོད་བརྟན་འཇགས་ངང་རྒྱ་བསྐྱེད་པ། འཛད་སྤྱོད་དཔེ་གསར་བསྐྱེད་པ་དང་དར་བར་བྱེད་པ། ཁྱབ་ཁོངས་གཙོ་བོའི་འཛད་སྤྱོད་ཆེས་ཆེར་དར་བར་བྱས་ནས། ཕྱི་ཚོང་དང་ཕྱི་དངུལ་གྱི་བྱ་བ་བཟང་བོར་སྒྲུབ་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་གཅིག་འདོམས་བྱེད་དགོས། མཁར་གྲོང་ཅན་དཔེ་གསར་འཐབ་ཇུས་ཀྱི་ལོ་ལྔའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བཟང་བོ་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ། ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་སྐུལ་སྤེལ་ཟབ་མོ་བྱེད་པ། ཟི་ལིང་དང་མཚོ་ཤར་གྱི་གྲོང་ཁྱེར་ཁྱུ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཟི་ལིང་དང་མཚོ་ཤར། མཚོ་ནུབ་བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་གནད་འགག་གི་ནུས་པ་འདོན་སྤེལ་བྱེད་པ། མཚོ་ལྷོ་དང་མཚོ་བྱང་གིས་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཇེ་དྲག་ཏུ་གཏོང་བ། མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱིས་ལྗང་མདོག་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ཏེ། མཉམ་དུ་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྟོབས་ཤུགས་འབུལ་དགོས། ཆུ་ཚད་མཐོ་བའི་བཅོས་སྒྱུར་སྒོ་འབྱེད་སྐུལ་སྤེལ་བྱེད་དགོས། རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་ཟབ་སྤེལ་མཐོར་འདེགས་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་མཚོན་བྱེད་རང་བཞིན་གྱི་བྱེད་ཐབས་སྐོར་ཞིག་ལག་བསྟར་བྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་ཟབ་མོ་བྱེད་པ། གླིང་ཁུལ་གྱི་དོ་དམ་ལམ་ལུགས་མྱུར་དུ་བཅོས་སྒྱུར་བྱེད་པ། ཚན་རྩལ་སྒྲིག་གཞི་བཅོས་སྒྱུར་སྐུལ་སྤེལ་བྱེད་པ། སྐོར་ཐེངས་གསར་བའི་ནོར་ཁྲལ་སྒྲིག་གཞི་བཅོས་སྒྱུར་དོན་འཁྱོལ་བྱེད་པ། དངུལ་རྩའི་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། རྒྱུད་གཅིག་ལམ་གཅིག་ཁྲོད་ཟབ་མོར་འདྲེས་པར་བྱས་ནས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་རོགས་ལས་ནུས་རིམ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། “དཔེ་ཆ་གཅིག་དང་གསལ་ཁྲ་གཅིག ཁས་ལེན་གཅིག”གི་བླང་བྱ་ལག་བསྟར་བྱེད་པ། དབུལ་ཐར་མི་གྲངས་ཀྱི་ཡོང་སྒོ་འཕར་སྣོན་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ། རོང་འབྲོག་ཁུལ་གྱི་ཁྱད་སྟོབས་ཐོན་ལས་གདང་འདེགས་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ། འབྲུ་རིགས་བདེ་འཇགས་ཐད་ཀྱི་ཏང་སྲིད་འགན་མཚུངས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱས་ནས། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་མཐོར་འདེགས་འགུལ་སྐྱོད་དང་མཐོ་སྒང་གི་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་གཅིག་གྱུར་གྱིས་སྐུལ་སྤེལ་བྱེད་དགོས། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བ་བཟང་བོར་སྒྲུབ་དགོས། “ཡོད་པ་དྲུག”དང“དམིགས་འབྱོར་དྲུག”གི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། གནོད་ཐེབས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བཟང་བོ་བྱེད་པ། ས་གཤིས་གནོད་འཚེ་འབྱུང་སླ་བའི་ས་ཆའི་ལྟ་ཞིབ་ཉེན་སེལ་བྱ་བར་ཤུགས་སྣོན་པ། མང་ཚོགས་ཀྱིས་ཐོན་སྐྱེད་རང་སྐྱོབ་དང་ཕན་ཚུན་རོགས་རམ་བྱེད་པར་སྣེ་ཁྲིད་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་གནོད་ཐེབས་མང་ཚོགས་ཀྱི་ངལ་རྩོལ་ཡོང་སྒོ་ཇེ་མང་དུ་གཏོང་དགོས། དམངས་ཚིས་དངོས་སུ་འགན་སྲུང་དང་ལེགས་སྒྱུར་བྱེད་དགོས། “ལས་ཞུགས་ཆེན་པོའི”རྣམ་པ་གྲུབ་པར་བྱེད་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལས་ཞུགས་ཚོང་རྟགས་གསར་སྐྲུན་བྱེད་པ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་པ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མཁོ་འདོན་ལེགས་སྒྱུར་བྱེད་པ། མཐོ་སྒང་གི་གསོ་རིག་ཞིབ་འཇུག་ཧུར་ཐག་གིས་སྤེལ་ནས། གཞི་རྩའི་སྤྱི་ཐུན་ཞབས་ཞུའི་མཁོ་འདོན་འགན་སྲུང་གི་ཆུ་ཚད་མཐོར་འདེགས་གཏོང་དགོས། མཐོང་རྒྱུ་ཡོད་པ་དང་ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། རང་ཞིང་གི་རིག་གནས་ཐོན་ཁུངས་སྔོག་འདོན་བེད་སྤྱོད་བཟང་བོ་བྱེད་པ། ཀུན་ལ་དབང་བའི་བསམ་པའི་ཁྱིམ་གཞིའི་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་སྐོར་ཞིག་བསྐྲུན་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་མཚོ་སྔོན་གྱི་ལག་ལེན་གཏིང་ཟབ་ཏུ་སྤེལ་བ། གཞིས་ཁུལ་མཐུན་སྒྲིལ་གྱི་ཁྱིམ་གཞི་བསྟུད་མར་འཛུགས་སྐྲུན་བཟང་བོ་བྱེད་པ། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་བསྲེས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ནས། ལས་རིགས་སོ་སོ་རུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚོ་སྔོན་གྱི་ཁྱད་ཆོས་སྔར་ལས་མང་པོ་གསར་སྐྲུན་བྱེད་དགོས། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི“གཅིག་ཅན་བཅུའི”ལས་འགན་གཙོ་བོ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། “ནག་འཇོམས་ངན་སེལ”རྒྱུན་རྣམ་ཅན་དུ་གཏིང་ཟབ་མོར་སྐུལ་སྤེལ་བྱེད་པ། དུས་རབས་གསར་བའི“ཧྥིན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བ། ཞུ་གཏུག་དང་ལེན་དང་འོག་རིམ་ལ་འཚམས་འདྲི་བྱེད་པ། གཞི་རིམ་ལ་ཞབས་འདེགས་ཞུ་བའི་ཡུན་ཕན་རྐྱེན་སྲོལ་བཙུགས་ཏེ། འཕྲིན་བཅར་བྱ་བ་ཁྲིམས་སྐྱོང་ཅན་དུ་མཐུན་སྦྱོར་སྒོས་སྐུལ་སྤེལ་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་གི་འཛུགས་སྐྲུན་ལ་སྔར་ལས་རྒྱུན་སྲིང་དང་ནུས་ལྡན་སྒོས་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས། ཞིང་ཆེན་ཏང་ཨུས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཀུན་སྤྱོད་འཛུགས་སྐྱོང་ལ་འཛིན་པའི་ལངས་ཕྱོགས་འགྱུར་མི་སྲིད་པ་དང་། སྟོབས་ཤུགས་ཉམས་མི་སྲིད་ལ། ཚད་ཐིག་ལྷོད་མི་སྲིད་པར། ལག་བསྟར་མཐའ་འཁྱོལ་དང་གཟབ་ནན་མཐའ་འཁྱོངས་བྱ་ངེས་ཡིན། འགོ་ཁྲིད་ལས་བྱེད་པ་དྲུག་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེར་འགལ་བའི་གནད་དོན་གྱི་གྱོད་དོན་ལ་བརྟེན་ནས་བཅོས་སྒྱུར་ལ་ཡར་སྐུལ་བྱེད་པའི་ཆེད་དོན་སློབ་གསོའི་བཅོས་སྐྱོང་བསྟུད་མར་གཏིང་ཟབ་ཏུ་སྤེལ་དགོས། འགོ་ཁྲིད་ལས་བྱེད་པ་ཞེས་པའི“གནད་འགག་ཉུང་ཤོས”འདི་ལ་དམ་དུ་ཅེར་རྒྱུ་ལྷོད་གཡེང་དུ་མི་གཏོང་བ་དང“སྤྱོད་ངན་བཞི”ཡོ་བསྲང་བྱེད་པར་དམ་དུ་ཅེར་རྒྱུ་ལྷོད་གཡེང་དུ་མི་གཏོང་བར། བརྗོད་དོན་སློབ་གསོའི་ཕན་འབྲས་སྲ་བརྟན་དུ་གཏོང་བར་ཟུང་སྦྲེལ་བྱས་ཏེ། རྩ་ལག་མཉམ་བཅོས་དང་རྒྱུད་ཁོངས་བཅོས་སྐྱོང་བྱས་ནས། ཀུན་སྤྱོད་འཛུགས་སྐྱོང་གཏིང་ཟབ་དང་གཟབ་ནན་དུ་སྤེལ་བ་དང་དེར་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཁྲེགས་གཏོར་འཐབ་འཛིང་དང་རྒྱུན་སྲིང་འཐབ་འཛིང་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་འཛིང་དེར་རྩ་བ་ནས“ཕྱིར་སྣུར་བྱེད་མི་ཉན་པ་དང་། ལྷོད་གཡེང་བྱེད་མི་ཉན་ལ། སྙིང་རྗེ་སྒོམ་མི་ཉན་པར”ངེས་པར་དུ་དུས་ནམ་ཡང་གདོང་མཆོང་གི་དུང་བརྡ་སྒྲོག་དགོས། “ཡོད་པ་བདུན”གྱི་གནད་དོན་ལ་དམ་དུ་ཅེར་ནས། སྲིད་ཚོང་ངན་འབྲེལ་གྱི་རུལ་སུངས་ལ་ཆད་པ་ནན་མོ་གཅོད་རྒྱུ་དེ་མཁྲེགས་གཏོར་འཐབ་འཛིང་གི་གལ་འགངས་ཆེ་ཤོས་སུ་བརྩིས་ཏེ། རུལ་སུངས་ཀྱི་འབྱུང་རྩ་དང་ཆ་རྐྱེན་མཐའ་གཅིག་ཏུ་མེད་པར་བཟོ་དགོས། “གནད་འགག་ཉུང་ཤོས”དང་ཁྱབ་ཁོངས་གཙོ་བོར་དམ་དུ་ཅེར་ནས། དངུལ་རྩ་དང་རྒྱལ་དབང་ཁེ་ལས། ནུས་ཁུངས། སྨན་བཅོས་སྨན་རྫས་དང་རྨང་གཞིའི་བཟོ་བཀོད་འཛུགས་སྐྲུན་སོགས་དབང་ཆ་གཅིག་འདུས་དང་མ་དངུལ་འདུ་རུབ། ཐོན་ཁུངས་མོད་པོ་བཅས་ཀྱི་ཁྱབ་ཁོངས་ཀྱི་རུལ་སུངས་བཅོས་སྐྱོང་ཟབ་སྤེལ་བྱེད་དགོས། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་ཚུལ་མིན་སྤྱོད་ཚུལ་ལ་དམ་དུ་ཅེར་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཞི་རིམ་དུ་བསྲིང་བར་སྐུལ་འདེད་གཏོང་དགོས། མི་འདེམ་མི་བཀོལ་གྱི་ཁྲིད་ཕྱོགས་གསལ་བོ་བརྟན་པོར་འཛུགས་དགོས། དུས་རབས་གསར་བའི་ལས་བྱེད་པ་བཟང་བོའི་ཚད་གཞི་ལྟར། བཅོས་སྒྱུར་འཕེལ་རྒྱས་ཀྱི་མདུན་ས་དང་བྲེལ་དཀའ་ཁྲལ་སྒུག་གི་གནས་ཡུལ་དང་པོ། དཀའ་ཁག་ཅན་གྱི་གནད་འགག་ལས་གནས་བཅས་མི་བཀོལ་མི་འདེམ་གྱི་གནས་ཡུལ་གཙོ་བོར་བྱས་ཏེ། སྒྲུབ་འདོད་པ་དང་སྒྲུབ་ཕོད་པ། སྒྲུབ་ཤེས་པའི་ལས་བྱེད་པ་གདམ་ནས་བཀོལ་སྤྱོད་བྱེད་དགོས། དུས་རྒྱུན་གྱི་རྣམ་འགྱུར་ལ་དོ་སྣང་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་ལ་ཉན་ནས། གཞི་རིམ་དང་ལག་ལེན་ཁྲོད་ལས་བྱེད་པ་སྐྱེད་སྲིང་དང་འདེམ་སྤོར་བྱས་ནས་མི་འདེམ་མི་བཀོལ་གྱི་ཡིད་རྟོན་གྱི་ཚད་ཇེ་མཐོར་གཏོང་དགོས། དོ་དམ་ནན་མོ་བྱས་ཏེ་གནོན་ཤུགས་སྟེར་བ་དང་གཅེས་སྐྱོང་བྱས་ནས་སྒུལ་ཤུགས་སྤྲོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཡང་དག་པའི་མི་འདེམ་མི་བཀོལ་ཁྲིད་ཕྱོགས་ཀྱིས་ཆབ་སྲིད་སྐྱེ་ཁམས་ལ་སྣེ་ཁྲིད་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ལེགས་སྒྱུར་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས། ཏང་ཀྲི་པུའུ་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་འཛུགས་སྐྱོང་བྱེད་ཚད་འཐུས་ཚང་དུ་བཏང་ནས་ཀྲི་པུའུ་བཟང་བོ་ཞིག་འཛུགས་སྐྱོང་བྱེད་པ་དང་། ཧྲུའུ་ཅི་བཟང་བོ་ཞིག་དང་སྣེ་ཁྲིད་པ་བཟང་བོ་ཞིག་སྐྱེད་སྲིང་བྱེད་དགོས། གཞི་རིམ་འཛིན་པ་དང་རྨང་གཞིར་ཤུགས་སྣོན་པ། གཞི་རྩ་བརྟན་པར་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། གཞི་རིམ་ཏང་འཛུགས་ཀྱི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་རྒྱུན་མཐུད་ངང་དོན་འཁྱོལ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་གོང་འཕེལ་ཡོང་བ་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པར་སྐུལ་འདེད་གཏོང་དགོས། གོང་འོག་མཉམ་འདྲེས་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་འཐུས་ཚང་དུ་བཏང་ནས། “འཐུས་ཚང་དུ་འཛུགས་པ”དང“སྟོབས་ཆེར་འཛུགས་པའི”སྟེང་ཤུགས་འདོན་པ་དང་། ཏང་གི་ཆབ་སྲིད་འགོ་ཁྲིད་ནུས་པ་དང་བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་རྩ་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་བཅས་རྒྱུན་མ་ཆད་པར་ཇེ་ཆེར་གཏོང་དགོས།

ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། སྐྱོད་ལམ་གསར་བའི་སྟེང་། ང་ཚོའི་ལས་སྒྲུབ་ལས་སྐྲུན་གྱི་གར་སྟེགས་ཡངས་ཤིང་ཆེ་ལ། དངོས་སྒྲུབ་ལས་འོད་སྟོང་འབར་བའི་ལས་དོན་བསྐྲུན་པ་དང་འབད་འཐབ་ལས་མཚར་སྡུག་ལྡན་པའི་མི་ཚེ་བསྐྲུན་ཐུབ། རྩ་འཛུགས་ཀྱིས་ལས་བྱེད་པར་ཁག་ཁུར་བྱས་ཏེ། ལས་བྱེད་པར་བྱ་བ་མཚམས་མི་འཇོག་པའི་སེམས་ཤུགས་ཡོད་པར་བྱེད་དགོས། གོང་རིམ་གྱིས་འོག་རིམ་ལ་ཁག་ཁུར་བྱས་ཏེ་ལས་བྱེད་པར་སྔོན་ལ་མཆོང་བའི་ངར་ཤུགས་ཡོད་པར་བྱེད་དགོས། ལས་བྱེད་པས་ལས་དོན་ལ་ཁག་ཁུར་བྱས་ནས་ནམ་ཡང་འཇིགས་པ་མེད་པའི་མཆོང་ཤུགས་ཡོད་པར་བྱེད་དགོས། དུས་རབས་གསར་བའི་དཔལ་འབྱོར་བྱ་བའི་ཐད་ཀྱི་རྒྱུས་ལོན་དང་ངོས་འཛིན་ངེས་པར་དུ་ཇེ་ཟབ་ཏུ་གཏོང་བ་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་དུས་རིམ་ཐད་ཀྱི་རྒྱུས་ལོན་དང་ངོས་འཛིན་ངེས་པར་དུ་ཇེ་ཟབ་ཏུ་གཏོང་བ། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་ཐད་ཀྱི་རྒྱུས་ལོན་དང་ངོས་འཛིན་ངེས་པར་དུ་གཏིང་ཟབ་ཏུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཆད་ལྷག་མེད་པར་དོན་འཁྱོལ་འཛིན་པ་དང་། རླུང་ལྟར་མྱུར་བར་དོན་འཁྱོལ་འཛིན་པ། དམ་པ་དོན་གཉེར་གྱིས་དོན་འཁྱོལ་འཛིན་པ། བྱས་རྗེས་འཇོག་ཕོད་པར་དོན་འཁྱོལ་འཛིན་པ”བཅས་ཀྱི་བླང་བྱ་གལ་ཆེན་ལྟར། དུས་རབས་གསར་བའི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོ་ནས་ཁག་ཁུར་དངོས་སྒྲུབ་བྱེད་དགོས་པ་དང་བྱས་རྗེས་འཇོག་དགོས།

ཚང་འཛོམས་གྲོས་ཚོགས་སྟེང་། ད་ལོའི་ལོ་མཇུག་དང་སང་ལོའི་ལོ་མགོའི་བྱ་བ་སྣ་ཚོགས་ཀྱི་གཅིག་འདོམས་འཆར་འགོད་དང་ཐོན་སྐྱེད་རྒྱུ་ཆའི་རྩ་འཛུགས་བཀོད་གཏོང་དམ་འཛིན་བཟང་བོ་བྱས་ནས་ལོ་ཧྲིལ་བོའི་མགོ་བཟང་བོར་རྩོམ་དགོས། དམངས་ཚིས་ཐོན་རྫས་ཀྱི་མཁོ་འདོན་འགན་སྲུང་དང་རིན་གོང་གཏན་འཇགས། རྡོ་སོལ་དང་གློག རྡོ་སྣུམ། སོལ་རླངས་བཅས་ཀྱི་སྐྱེལ་འདྲེན་དང་མཁོ་འདོན་བྱ་བ་གཟབ་ནན་ངང་བཟང་བོར་སྒྲུབ་པ་དང་། ཞིང་པ་ལས་བཟོ་པའི་གླ་ཕོགས་སྟེར་བར་འགན་སྲུང་བྱས་ཏེ། སྤྱི་ཚོགས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་པ་དང་། གཞི་རྩའི་དམངས་ཚིས་མཐའ་ཚད་བརྟན་སྲུང་བྱེད་དགོས། ས་ཡོམ་གྱི་གནོད་འཚེ་ཐེབས་པའི་མང་ཚོགས་བར་བརྒལ་བདེ་འགོད་བྱེད་པའི་བྱ་བ་དངོས་སུ་བཟང་བོར་སྒྲུབ་པ་དང་། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱས་ནས། ཁོ་ཚོས་སྤྲོ་སྐྱིད་ཞི་འཇགས་ཀྱི་སྒོ་ནས་ལོ་གསར་རོལ་བར་ཁག་ཐེག་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ། དབུགས་ལམ་རིམས་ནད་འགོག་བཅོས་སོགས་ཀྱི་བྱ་བ་དམ་འཛིན་དངོས་འཛིན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས། ཤུགས་ཆེན་པོས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ནུས་ལྡན་གྱིས་སྦྲེལ་མཐུད་བྱེད་པར་སྟོབས་ཤུགས་ཡོད་རྒུས་དཔྱད་ཞིབ་གདེང་འཇོག་བཟང་བོ་བྱས་ཏེ། གནོད་འགོག་ཕྱུགས་སྐྱོབ་དང་དཔྱིད་འདེབས་གྲ་སྒྲིག ཞིང་ལས་མ་དངུལ་མཁོ་འདོན་སོགས་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན་ནས་སྤྱི་ཚོགས་ཀྱི་ཆེ་ཕྱོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་འགའ། དེ་མིནགཏན་འགོག་བཅུའི”སྒྲིག་ལམ་གྱི་བླང་བྱ་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ་སྤྱོད་གཙང་གི་དུས་ཆེན་ཞིག་རོལ་དུ་འཇུག་དགོས་པའི་རེ་བ་བཏོན།

ཚང་འཛོམས་གྲོས་ཚོགས་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སེམས་ཤུགས་བཏོན་ནས་ལས་ཇུས་འགོད་པ་དང་། སྟོབས་ཤུགས་བཏོན་ནས་བྱ་བ་སྒྲུབ་པ། འགན་འཁྲི་ཁུར་ནས་དོན་དག་སྒྲུབ་པ། ཧུར་ཐག་གིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བར་གསར་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་འབོད་སྐུལ་བཏང་།

ཚང་འཛོམས་གྲོས་ཚོགས་སྟེང《ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཁུང་ལིན་ཏུང་ཏང་ཁོངས་ནས་ཕྱིར་ཕུད་པའི་ཆད་གཅོད་ཆོད་དོན》ལ་གྲོས་འཆམ་བྱུང་།

ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་། ཞིང་ཆེན་དམག་ཁུལ་གྱི་འགན་ཁུར་བློ་མཐུན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་སྲིད་མགོ་ཁྲིད་བློ་མཐུན་གཙོ་བོ། རྫོང་དང་གྲོང་ཁྱེར། ཆུའུ། བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོའི་འགན་ཁུར་བློ་མཐུན། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ་དང་། མི་དམངས་ཚོགས་ཁག་སོ་སོ། མཐོ་རིམ་སློབ་གྲྭ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་བཅས་ཀྱི་ཏང་ཙུའུ་དང་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ། རང་ཞིང་གི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་འཐུས་མི། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་ཁ་ཤས་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།


རིན་ཆེན་མཚོ་དང་བསོད་ནམས་ཚེ་རིང་། མི་ཕམ་མགོན་པོ་བཅས་ཀྱིས་བསྒྱུར།