ལིས་ཆང་གིས་པུས་ལི་ཧྲི་ཡི་དབུ་བཞུགས་བློན་ཆེན་དང་གྲོས་མོལ་གནང་།
2024.01.12 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 9

ཚེས12ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཛད་སྒོ་བསྡུས་ནས་པུས་ལི་ཧྲི་ཡི་དབུ་བཞུགས་བློན་ཆེན་ཏི་ཁི་ལའོ་རང་རྒྱལ་ལ་དངོས་གཞིའི་འཚམས་འདྲི་ཕེབས་པར་དགའ་བསུ་ཞུས། 

དམག་མིའི་རམ་དཀྲོལ་ཚོགས་པས་ཀྲུང་པུས་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། 

དེའི་རྗེས་སུ་ལིས་ཆང་གིས་ཏི་ཁི་ལའོ་དང་མཉམ་དུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་། 

དགའ་བསུ་ཞུ་བའི་མཛད་སྒོ་མཇུག་སྒྲིལ་རྗེས་ལིས་ཆང་གིས་ཏི་ཁི་ལའོ་དང་གྲོས་མོལ་གནང་། 

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་པུས་ལི་ཧྲི་བར་ཁྱོན་ཡོངས་ཀྱི་མཛའ་གྲོགས་མཉམ་ལས་རོགས་རེས་འབྲེལ་བ་བཙུགས་ནས་ལོ10འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་མུ་མཐུད་དུ་རྒྱ་ཆེར་ཕྱིན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་དངོས་ཐོབ་ཡོད།  ཀྲུའུ་ཞི་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་དབུ་བཞུགས་བློན་ཆེན་གཉིས་ཀྱིས་མཇལ་འཕྲད་གནང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་དགོངས་འཆར་བརྗེ་རེས་གནང་། ཀྲུང་གོ་ཕྱོགས་ཀྱིས་པུས་ལི་ཧྲི་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་། གཉིས་ཕན་མཉམ་རྒྱལ། སྒོ་འབྱེད་བསྐྱེད་ཡངས་བཅས་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་དང་། འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་འཕེལ་རྒྱས་ལ་སྒུལ་ཤུགས་སྔར་ལས་མང་པོ་སྣོན་འདོད་ཡོད།

ལིས་ཆང་གིས་བསྟན་དོན། ཀྲུང་པུས་རྒྱལ་ཁབ་གཉིས་ནི་ཕན་ཚུན་དཔལ་འབྱོར་ཉོ་ཚོང་གི་ཟླ་གྲོགས་གལ་ཆེན་རེད། ཀྲུང་གོ་ཕྱོགས་ཀྱིས་པུས་ལི་ཧྲི་ཕྱོགས་ཀྱིས་ཉོ་ཚོང་གི་གཞི་ཁྱོན་སྲ་བརྟན་རྒྱ་བསྐྱེད་དང་། ཟོག་འགྲེམས་དང་ཞང་ཀང་ལས་དོན་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད། ཀྲུང་གོས་པུས་ལི་ཧྲི་ཡི་ཁེ་ལས་སྔར་ལས་མང་པོ་ཀྲུང་གོར་དངུལ་གཏོང་བྱེད་དུ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་པུས་ལི་ཧྲི་རུ་སོང་སྟེ་དངུལ་གཏོང་བྱེད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན།པུས་ལི་ཧྲི་ཕྱོགས་ཀྱིས་སྒོ་འབྱེད་འདུ་ཤེས་འཛིན་པ་དང་ཁྲོམ་རའི་རྩ་དོན་ལ་བརྩི་སྲུང་བྱས་ནས་ཀྲུང་གོའི་ཁེ་ལས་ལ་དྲང་གཞག་དང་། ཁ་གསལ། མཐོང་ཆུང་མེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་གཏོད་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་ཀྱིས་ཚན་རྩལ་གསར་གཏོད་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་བར་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཁོར་ཡུག་སྲུང་སྐྱོང་དང་། དེང་རབས་ཞིང་ལས། སྐྱེ་དངོས་སྨན་བཅོས། དམངས་སྤྱོད་ཉིང་རྡུལ་ནུས་པ། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རིག་གནས་དང་། སློབ་གསོ། ན་གཞོན་སོགས་ཀྱི་བརྗེ་རེས་ལ་ཤུགས་སྣོན་རྒྱག་དགོས། པུས་ལི་ཧྲི་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་ཐད་བྱས་རྗེས་གང་ལེགས་འཇོག་པའི་རེ་བ་ཡོད། 

ཏི་ཁི་ལའོ་ཡིས་བསྟན་དོན། པུས་ཀྲུང་ནི་ཟླ་གྲོགས་ཡིན་པ་དང་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་སྤུས་ཚད་མཐོ་བའི་གྲོས་མོལ་བརྗེ་རེས་བྱེད་པ་དང་། ཕྱོགས་གཉིས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐད་དམིགས་ཚད་གཅིག་མཐུན་བྱུང་ཡོད། པུས་ལི་ཧྲི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲུ་རིགས་དང་། ཉིང་རྡུལ་གྱི་ནུས་པ། འཕྲིན་གཏོང་། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། ཐུན་མོང་གི་ཁེ་ཕན་རྒྱ་ཆེར་གཏོང་བ་བཅས་བྱས་ནས་པུས་ཀྲུང་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས་པུས་ལི་ཧྲི་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། 

གྲོས་མོལ་མཇུག་སྒྲིལ་རྗེས་རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་དཔལ་འབྱོར་ཉོ་ཚོང་དང་འབྲུ་རིགས་ཞིང་ལས་སོགས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པར་བདེན་དཔང་གནང་། 

ཤ་བོ་གསེར་མཚོས་སྒྱུར།