ཀྲའོ་ལི་ཅི་ཡིས་པུས་ལི་ཧྲི་ཡི་དབུ་བཞུགས་བློན་ཆེན་ལ་མཇལ་འཕྲད་གནང་།
2024.01.12 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 10

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས12ཉིན་པེ་ཅིང་དུ་པུས་ལི་ཧྲི་ཡི་དབུ་བཞུགས་བློན་ཆེན་ཏི་ཁི་ལའོ་ལ་མཇལ་འཕྲད་གནང་། 

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་པུས་ལི་ཧྲིའི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་ཀྲུང་གོ་དང་པུས་ལི་ཧྲིའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། མི་གཞུང་བརྗེ་རེས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སོང་བ་བཅས་ལས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་དངོས་ཐོབ་ཡོད། ད་ལོ་ནི་ཀྲུང་གོ་དང་པུས་ལི་ཧྲིའི་བར་ཕྱོགས་ཡོངས་ཀྱི་མཛའ་མཐུན་མཉམ་ལས་རོགས་རེས་འབྲེལ་བ་བཙུགས་ནས་ལོ10འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་རང་སོ་སོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་མུ་མཐུད་དུ་བརྩི་འཇོག་བྱས་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཆུ་ཚད་མཐོ་རུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། པུས་ལི་ཧྲི་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་ནང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས་ཀྲུང་གོ་དང་ཡོ་རོབ་བར་མཉམ་ལས་བཟང་པོ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་པུས་ལི་ཧྲིའི་གྲོས་ཁང་དང་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྐྱོང་སྲིད་གཉེར་དང་ཁྲིམས་འཛུགས་ཀྱི་ཉམས་མྱོང་བརྗེ་རེས་བྱས་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད།

ཏི་ཁི་ལའོ་ཡིས་བསྟན་དོན། པུས་ལི་ཧྲི་ཡིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཐོང་ཆེན་བྱས་ནས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་དམ་ཟབ་བྱེད་པ་དང་། ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ། དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ནས་པུས་ལི་ཧྲི་དང་ཀྲུང་གོ་དང་ཡོ་རོབ་དང་ཀྲུང་གོའི་བར་གྱི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། 

ཚའེ་ཏ་ཧྥིན་མཇལ་འཕྲད་ལ་ཞུགས། 

ཤ་བོ་གསེར་མཚོས་བསྒྱུར།