ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལའེ་སའོ་ཐའོ་རྒྱལ་ཁབ་གཉིས་བར་འབྲེལ་བ་སླར་གསོ་བྱས་ནས་ལོ30འཁོར་བའི་ཐད་ནས་རྒྱལ་པོ་ལའེ་ཆི་ཡེ་སྐུ་ཕྲེང་གསུམ་པ་དང་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ་དང་། ལིས་ཆང་དང་ལའེ་སའོ་ཐའོ་ཡི་དབུ་བཞུགས་བློན་ཆེན་མ་ཐི་ཁའེ་ཨིན་གཉིས་ཀྱིས་ཀྱང་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
ཟླ1པོའི་ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལའེ་སའོ་ཐའོ་ཡི་རྒྱལ་པོ་ལའེ་ཆི་ཡེ་སྐུ་ཕྲེང་གསུམ་པས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་སླར་གསོ་བྱས་ནས་ལོ30འཁོར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། འབྲེལ་བ་སླར་གསོ་བྱས་པའི་ལོ30ཡི་རིང་ལ། ཀྲུང་ལའེ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་བགྲོད་ལམ་སྟེང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ། པྲོག་གསར་རིམས་ནད་ལ་ཁ་གཏད་གཅོག་པ་སོགས་ཀྱི་འགྲན་སློང་ཁྲོད་ཕན་ཚུན་རོགས་རེས་བྱས་ཏེ་རྒྱལ་ཁབ་ཆེ་ཆུང་བར་མཛའ་མཐུན་མཉམ་གནས་དང་ཐུན་མོང་འཕེལ་རྒྱས་འགྲོ་བའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ངས་ཀྲུང་ལའེ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ལའེ་ཆི་ཡེ་སྐུ་ཕྲེང་གསུམ་པ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སླར་གསོ་བྱས་ནས་ལོ30འཁོར་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་སྟེ་ཀྲུང་ལའེ་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ལའེ་ཆི་ཡེ་སྐུ་ཕྲེང་གསུམ་པས་བསྟན་དོན། འདས་ཟིན་པའི་ལོ30ཡི་ནང་ལའེ་ཀྲུང་རྒྱལ་ཁབ་གཉིས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། རྒྱལ་ཁབ་གཉིས་ཀྱིས་ཞི་བདེ་མཉམ་གནས་དང་། ཕན་ཚུན་བརྩི་འཇོག གཉིས་ཕན་མཉམ་རྒྱལ་བཅས་ཀྱི་རྨང་གཞིའི་སྟེང་སྲ་ཞིང་བརྟན་པའི་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ལའེ་སའོ་ཐའོ་ཕྱོགས་ཀྱིས་རླབས་ཆེན་གྱི་ཀྲུང་གོ་དང་མཉམ་ལས་དམ་ཟབ་བྱས་ནས་ལའེ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་དང་མཛའ་མཐུན་མཉམ་ལས་མུ་མཐུད་དུ་སྲ་བརྟན་དུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད།
ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་ལའེ་སའོ་ཐའོ་ཡི་དབུ་བཞུགས་བློན་ཆེན་མ་ཐི་ཁའེ་ཨིན་རྣམ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། ལིས་ཆང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་ལའེ་བར་གྱི་འབྲེལ་བའི་འཕེལ་རྒྱས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་བ་སླར་གསོ་བྱས་ནས་ལོ30འཁོར་བ་གོ་སྐབས་སུ་བྱས་ནས་ལའེ་སའོ་ཐའོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་ལའེ་བར་གྱི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
མ་ཐི་ཁའེ་ཨིན་གྱིས་བསྟན་དོན། ཀྲུང་གོ་ནི་ལའེ་སའོ་ཐའོ་ཕྱོགས་ཀྱི་འཐབ་ཇུས་ཟླ་གྲོགས་ཡིན།ལའེ་སའོ་ཐའོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ལ་མུ་མཐུད་དུ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།
ཤ་བོ་གསེར་མཚོས་བསྒྱུར།