ཝུའུ་ཞའོ་ཅུན་གྱིས་སྲིད་གཞུང་བྱ་བ་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་ཐད་ནས་བསམ་འཆར་བསྡུ་ལེན་བྱས།
2024.01.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

ཟླ་དང་པོའི་ཚེས་དགུ་ཉིན་ནས་ཚེས་བཅུ་ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱིས་སྲིད་གཞུང་བྱ་བ་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་སོ་སོར་འབྲེལ་ཡོད་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་བཅས་སོ་སོར་ཚོགས་འདུར་ཞུགས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། དྲུང་ཡིག་ཆེན་མོ་གཞོན་པ། གཞུང་སྒྲུབ་ཁང་གི་ཀྲུའུ་རིན། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་འགན་ཁུར་མི་སྣ། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་ཞིང་ཆེན་འབྲེལ་ཡོད་ཐད་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བཅས་བཞུགས་མོལ་ཚོགས་འདུ་ལ་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་། ཚང་མས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས། ཚང་མས་མཐའ་གཅིག་ཏུ། འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལ་རྒྱུས་ལོན་ཡང་དག་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ལ། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག་དང་། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གཞུང་གི་ཤུགས་ཡོད་ལྟ་སྐུལ་དང་རྒྱབ་སྐྱོར་ཆེན་པོའི་འོག བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། སྤྱོད་ཚུལ་འབུར་ཐོན་གནད་དོན་རྒྱུན་མཐུད་ངང་བཅོས་སྐྱོང་བྱས་ཤིང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་དང་ཡང་དག་པ། ཆ་ཚང་བའི་སྒོ་ནས་ལག་བསྟར་བྱས་ལ། རང་འགུལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱས་ཤིང་། ཐོན་ལས་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱས་ལ། གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཁག་ཁུར་དངོས་གཉེར་བྱས་ནས་ལག་བསྟར་དམ་འཛིན་བྱས་པས། འཕེལ་རྒྱས་ཀྱི་གཏན་འཇགས་རང་བཞིན་དང་མཐུན་སྦྱོར་རང་བཞིན། རྒྱུན་བསྲིང་རང་བཞིན་སྔར་ལས་ཇེ་དྲག་ཏུ་སོང་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ནས་གོམ་སྟབས་བརྟན་པོ་སྤོས།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱིས་སྲིད་གཞུང་བྱ་བའི་ཐད་ལྟ་སྐུལ་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པའི་གནད་འགག་གི་ལོ་གཅིག་ཡིན་པས། བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པར་དོན་སྙིང་ཆེན་པོ་ལྡན། ཚང་མས་རང་སྟེང་གི་ཁྱབ་ཁོངས་ལ་རྐང་བཙུགས་ནས། ལྟ་ཚུལ་ཡོད་པ་དང་ནང་དོན་གཏིང་ཟབ་པ། རིན་ཐང་ལྡན་པའི་ལྟ་ཚུལ་ཡང་དག་ཕྱིར་བཏོན་པ་དང་། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བྱེད་པ། མཚོ་སྔོན་དར་སྤེལ་གཏོང་བའི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཏེ། སྲིད་གཞུང་གི་བྱ་བ་སྣ་ཚོགས་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུའི་མ་ཟིན་འགོད་པའི་ཐད་ཕན་ཡོད་དཔེ་ལྟ་འདོན་སྤྲོད་བྱས། ཞིང་ཆེན་སྲིད་གཞུང་གིས་ཞིབ་འཇུག་ནན་མོ་བྱེད་པ་དང་ཉན་ལེན་གང་ལེགས་བྱས་ནས། སྲིད་གཞུང་བྱ་བའི་སྙན་ཞུས་ཀྲུང་དབྱང་གི་དགོངས་དོན་སྔར་ལས་ལག་བསྟར་བཟང་བོ་བྱེད་པ་དང་། འཕེལ་རྒྱས་ཀྱི་རེ་བ་མངོན་པར་བྱེད་པ། མི་དམངས་ཀྱི་རེ་སྒུག་དང་བསྟུན་པར་བྱེད་དགོས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱིས་སྔར་བཞིན་དུ་ཞིང་ཆེན་སྲིད་གཞུང་གི་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། རང་སོ་སོའི་དགེ་མཚན་མུ་མཐུད་དུ་འདོན་སྤེལ་བྱེད་པ། དངོས་གཉེར་ཀྱི་བྱེད་ཐབས་མང་པོ་འདོན་པ་དང་བློ་གྲོས་ལྡན་པའི་གཏམ་མང་པོ་བཤད་དེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད།

ཚོགས་འདུའི་སྐབས་སུ། ཝང་ལིན་ཧུའུ་དང་ཚེ་རིང་ཐར། དབྱང་ཀྲི་ཝུན་བཅས་ཀྱིས་སོ་སོར་མགོ་འཛིན་བྱས་ནས་དམངས་གཙོ་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ། གཞི་རིམ་ལས་བྱེད་པ་དང་མང་ཚོགས། སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན་ལས་རིགས་ཀྱི་མི་སྣ་དང་བཟོ་ཚོགས་ཁེ་ལས་ལས་རིགས་ཀྱི་མི་སྣ་བཅས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། སྲིད་གཞུང་བྱ་བ་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས།

རིན་ཆེན་མཚོས་བསྒྱུར།