ཟླ་དང་པོའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་གསུམ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ལིའུ་ཅན་ཁྲའོ་ཡིས་ཀྲུང་གུང་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱས་པ་དང་། སོ་སོར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་དབུ་བཞུགས་ལས་རོགས་པ་གཞོན་པ་ཧྥུན་ནཱ། དམངས་གཙོ་སྤྱི་མཐུན་ཏང་ཁག་གཉིས་ཀྱི་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཁང་གི་གྲོས་མི། ཅིག་ཅིན་ཧྲན་གྲོང་ཁྱེར་གྱི་ཧྲི་ཀྲང་པུའུ་ལི་ཏི། དེ་མིན་ཨ་མེ་རི་ཁའི་དངུལ་ལོར་དང་། བཟོ་ཚོང་། རིག་མཛོད། སྨྱན་བྱད་ལས་རིགས་བཅས་ཀྱི་མི་སྣ་སོགས་ལ་ཐུག་འཕྲད་བྱས་ཏེ་བསམ་ཚུལ་བརྗེ་རེས་བྱས་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་གྲོས་མོལ་སྒྲོམ་གཞིའི་འོག་གི་ཆེད་དོན་བཞུགས་མོལ་ལ་ཞུགས་པར་མ་ཟད། ཨ་མེ་རི་ཁའི་ཕྱི་ཕྱོགས་འབྲེལ་བའི་ཨུ་ཡོན་ལྷན་ཁང་ནས་གཏམ་བཤད་སྤེལ། ལིའུ་ཅན་ཁྲའོ་ཡིས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་གྲོས་མོལ་བྱས། འཐུས་ཚབ་ཚོགས་པས་ཀྲུང་གོའི་འཕེལ་རྒྱས་མདུན་ལྗོངས་དང་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་སོགས་ཀྱི་ཐད་ནས་ཕྱོགས་སོ་སོའི་བར་བསམ་འཆར་བརྗེ་རེས་ཟབ་མོ་བྱས།
ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་བསྟན་དོན། མུ་མཐུད་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པེད་ཏིན་རྣམ་གཉིས་ཀྱིས་བཀོད་པའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་། བྱེ་བྲག་གི་འགུལ་སྐྱོད་སྤེལ་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་གཏན་འཇགས་དང་བདེ་ཐང། རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།