ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། 
2024.01.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

ཟླ1པོའི་ཚེས12ཉིན། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་དུ་བསྡུས། ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱས་པར་མ་ཟད་སྔོན་ཐོན་ལ་གཟེངས་བསྟོད་བྱས། 

ཚོགས་འདུའི་སྟེང་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་ནང་། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་དེ་འགན་འཁྲི་སྒྲུབ་པ་དང་རང་ངོས་འཛུགས་སྐྲུན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་སྤྱི་ཡོངས་ཀྱི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། དངོས་སྒྲུབ་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྲིད་ཞུགས་འགན་སྒྲུབ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། སྤྱི་ཚོགས་ཀྱི་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རང་ངོས་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བཅས་བྱས་ནས་བྱ་བ་སོ་སོར་གྲུབ་འབྲས་གསར་པ་ཐོབ་ཡོད། 

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་པས། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བླ་སྲོག་བསྐྲུན་པ་དང་། དད་སེམས་ཇེ་བརྟན་དུ་གཏོང་བ། སྟོབས་ཤུགས་གཅིག་སྒྲིལ་གྱིས་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པའི་ལག་བསྟར་མཁན་དང་སྲུང་སྐྱོང་མཁན་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་ནུས་ལྡན་ཐབས་ལམ་ཟམ་མི་ཆད་པར་འཚོལ་ཞིབ་བྱས་ཏེ་ཐབས་འདོན་ཇུས་འབུལ་གྱི་རྒྱང་ལྟའི་རང་བཞིན་དང་། ཚན་རིག་རང་བཞིན། ཞིབ་གཙིགས་རང་བཞིན། ལག་བསྟར་རང་བཞིན་བཅས་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་ངང་སྲིད་སྐྱོང་ཏང་དགེ་རྒན་དུ་བརྩི་བ་དང་། མུ་མཐུད་དུ་སྲོལ་རྒྱུན་རྒྱུན་འཛིན་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྔར་ལས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་ཞིང་བཟོ་ཏང་གི་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་གཞི་རྩའི་ལས་འགན་ཆེན་པོ་གསུམ་དོན་འཁྱོལ་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས། 


ཤ་བོ་གསེར་མཚོས་བསྒྱུར།