རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་ ཀྲུང་གོ་དང་ཁམ་ཕུ་ཀྲེའི་མི་གཞུང་བརྗེ་རེས་ལོ་ཞེས་པའི་བྱ་འགུལ་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཀྲེ་གཉིས་ནི་འོད་སྟོང་འབར་བའི་རིག་གནས་ལྡན་པའི་དཔལ་ཡོན་གནའ་བོའི་རྒྱལ་ཁབ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་ལོ་རྒྱུས་རིང་། ཀྲུང་གོའི་མཚོ་འགྲུལ་པ་ཀྲིན་ཧི་ཕྱིའི་རྒྱ་མཚོར་བསྐྱོད་སྐབས་ཁམ་ཕུ་ཀྲེ་ནས་བསྡད་པ་དང་། འབའ་རོང་དགོན་པའི་གནའ་ཤུལ་གྱི་ལོ་ངོ་སྟོང་གི་ཡར་སྔོན་དུ་བརྐོས་པའི་རྒྱལ་ཁབ་གཉིས་ཀྱི་མི་དམངས་བརྗེ་རེས་ཀྱི་རྣམ་པ་དེ་ནི་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འགྲོ་འོང་ལོ་རྒྱུས་ཀྱི་གསོན་ཉམས་ལྡན་པའི་ཞིབ་འབྲི་ཡིན། མིག་སྔར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁམ་ཕུ་ཀྲེའི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཁམ་ཕུ་ཀྲེའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་དེ་སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བ། ཚད་གཞི་མཐོ་བའི་དུས་རབས་གསར་བར་བསླེབས་ཡོད་ལ། ཆབ་སྲིད་ཡིད་ཆེས་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་བ་དང་། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་གཞུང་བརྗེ་རེས་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱི་ཁེ་ཕན་བསྐྲུན་ཡོད་ཟེར།
མི་གཞུང་བརྗེ་རེས་ནི་ཀྲུང་གོ་དང་ཁམ་ཕུ་ཀྲེའི་ངོས་དྲུག་ཅན་གྱི་རྡོ་རྗེ་ཕ་ལམ་གྱི་མཉམ་ལས་སྒྲོམ་གཞིའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པས། ཕྱོགས་གཉིས་ཀྱིས་ད་ལོའི་ཀྲུང་གོ་དང་ཁམ་ཕུ་ཀྲེའི་མི་གཞུང་བརྗེ་རེས་ལོ་ཞེས་པའི་བྱ་འགུལ་དེ་གོ་སྐབས་སུ་བྱས་ཤིང་། སྔར་ལས་མང་བའི་མི་གཞུང་བརྗེ་རེས་བྱ་འགུལ་སྤེལ་བ་དང་། ལག་རྡང་སྦྲེལ་ནས་འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འདོན་ལག་བསྟར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་དང་སྒྱུ་རྩལ། སློབ་གསོ། སྨན་བཅོས་འཕྲོད་བསྟེན། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ན་གཞོན་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་གཞུང་བརྗེ་རེས་ཀྱི་རྣམ་པ་གསར་བ་གསར་འབྱེད་བྱས་ཏེ། དུས་རབས་གསར་བའི་ཀྲུང་གོ་དང་ཁམ་ཕུ་ཀྲེའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་བྱས་རྗེས་དང་སྟོབས་ཤུགས་ཕུལ་ནས། མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་མིག་དཔེ་བསྐྲུན་དགོས།
ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་མཱ་ནེ་ཡིས་ཀྱང་ཉིན་དེར་ཀྲུང་གོ་དང་ཁམ་ཕུ་ཀྲེའི་མི་གཞུང་བརྗེ་རེས་ལོ་ཞེས་པའི་བྱ་འགུལ་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
བསོད་ནམས་ཚེ་རིང་གིས་བསྒྱུར།