ལིས་ཆང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཨ་མུའུ་ཧི་ཏི་དང་ལྷན་དུ་ཇ་ཞོར་གླེང་མོལ་གནང་།
2024.01.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ས་དེའི་དུས་ཚོད་ཟླ1ཚེས14ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཨ་མུའུ་ཧི་ཏི་གཉིས་མཉམ་དུ་ཆེད་བཏང་མེ་འཁོར་ལ་བསྡད་ནས། སུའུ་ལིས་ཧྲི་ནས་སུའེ་ཙེར་གྱི་རྒྱལ་ས་པོ་ཨར་ཉི་རུ་བསྐྱོད་པ་དང་། ལམ་ཧྲིལ་བོར་བག་ཕེབས་མཛའ་མཐུན་གྱི་རྣམ་པའི་ཁྲོད་ནས་ལྷག་བསམ་ཟོལ་མེད་ངང་དགོངས་ཚུལ་བརྗེ་རེས་གནང་།

ལིས་ཆང་གིས་སུའེ་ཙེར་ནི་ཀྲུང་གོ་གསར་པ་ཁས་བླངས་པའི་ནུབ་ཕྱོགས་རྒྱལ་ཁབ་ཆེས་སྔ་ཤོས་ཀྱི་གྲས་ཡིན་པ་དང་། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་མཉམ་ལས་ལ་ལོ་རྒྱུས་ཡུན་རིང་ལྡན། སུའེ་ཙེར་ལ་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ཡོད་པར་མ་ཟད། ད་དུང་སྐྱེ་ཁམས་ཁོར་ཡུག་བཟང་པོ་དང་སྔོན་ཐོན་གྱི་གསར་གཏོད་སྟོབས་ཤུགས། སྤུས་ཚད་མཐོ་བའི“སུའེ་ཙེར་གྱི་བཟོ་སྐྲུན”བཅས་ཡོད། མིག་སྔར་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་སུའེ་ཙེར་ཕྱོགས་དང་མཉམ་དུ་ཕན་ཚུན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་བསྣན་ནས། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། དངོས་སྒྲུབ་ཀྱི་གྲུབ་འབྲས་སྔར་ལས་གང་མང་ཐོབ་པར་འབད་འབུངས་བྱེད་འདོད་ཡོད། རྒྱལ་ཁབ་བར་གྱི་འབྲེལ་བ་ནི་མི་དམངས་བར་གྱི་མཛའ་མཐུན་ལ་རག་ལས་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་སུའེ་ཙེར་ཕྱོགས་དང་མཉམ་དུ། སང་ལོ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་དོན་ལྔ་འཁོར་བ་གོ་སྐབས་སུ་བྱས་ཏེ། ས་གནས་དང་སྤྱི་ཚོགས་ཀྱི་མི་གཞུང་རིག་གནས་བརྗེ་རེས་རྒྱ་ཆེར་བཏང་ནས། རྒྱལ་ཁབ་གཉིས་ཀའི་མང་ཚོགས་བར་གྱི་མཛའ་མཐུན་དང་། ཀྲུང་གོ་དང་སུའེ་ཙེར་བར་གྱི་མཛའ་མཐུན་འབྲེལ་བ་སྔར་ལས་ཇེ་དམ་དུ་གཏོང་འདོད་ཡོད་ཅེས་གསུངས།

ལིས་ཆང་གིས་འདས་ཟིན་པའི་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ། སུའེ་ཙེར་གྱི་ཁེ་ལས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་འཕེལ་རིམ་ཁྲོད་དངོས་སུ་ཞུགས་ནས། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱས་ཏེ། རང་ཉིད་ལའང་ཕན་པ་ཆེན་པོ་ཐོབ་ཡོད། ཀྲུང་གོས་སྒོ་མོ་འབྱེད་རྒྱ་སྔར་ལས་ཆེ་རུ་གཏོང་རྒྱུ་ཡིན་པས། སུའེ་ཙེར་གྱི་ཁེ་ལས་སྔར་ལས་གང་མང་ཀྲུང་གོ་རུ་ཡོང་ནས་མ་དངུལ་གཏོང་བ་དང་ལས་དོན་སྤེལ་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།

ཨ་མུའུ་ཧི་ཏི་ཡིས་ལིས་ཆང་གིས་སུའེ་ཙེར་ལ་འཚམས་འདྲི་གནང་བར་དགའ་བསུ་ཞུས། ཨ་མུའུ་ཧི་ཏི་ཡིས་ལིས་ཆང་ལ་སུའེ་ཙེར་རྒྱལ་ཁབ་ཀྱི་གནས་ཚུལ་དང་ལམ་རྒྱུད་ཀྱི་མངའ་སྡེ་སོ་སོའི་ཡུལ་སྲོལ་གོམས་གཤིས་ངོ་སྤྲོད་བྱས་ནས་བསྟན་དོན། རྒྱལ་ཁབ་གཉིས་ཀའི་མི་དམངས་བར་མཛའ་བརྩེ་ཟབ་མོ་ལྡན་ལ། ཕྱོགས་གཉིས་ཀའི་མཉམ་ལས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་གྲུབ་འབྲས་ཆེན་པོ་ཐོབ་ཡོད། སུའེ་ཙེར་གྱི་ཁེ་ལས་མང་པོས་ཀྲུང་གོ་རུ་མ་དངུལ་བཏང་ནས་རང་སྟེང་གི་འཕེལ་རྒྱས་ལ་གྲུབ་འབྲས་ཡག་པོ་ཐོབ་སྟེ། ཀྲུང་གོའི་ཁྲོམ་ར་རུ་རྐང་ཚུགས་ཐུབ་རྒྱུའི་རེ་བ་བཅངས་ཡོད། སུའེ་ཙེར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། མི་གཞུང་རིག་གནས་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་བར་ཕན་ཚུན་རྒྱུས་ལོན་བྱེད་པ་དང་། ཕན་ཚུན་བར་གྱི་མཛའ་མཐུན་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ཕྱོགས་གཉིས་ཀས་ཚན་རྩལ་གསར་གཏོད་དང་ལྗང་མདོག་འཕེལ་རྒྱས། རིག་གནས་ཡུལ་སྐོར། དགུན་ཁའི་ལུས་རྩལ་སོགས་ཀྱི་ཐད་དགོངས་འཆར་བརྗེ་རེས་གནང་ནས། འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་མོས་མཐུན་བྱུང་།

བན་དེ་སྐྱབས་ཀྱིས་བསྒྱུར།