ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས་བཅུ་བཞི་ཉིན་ནས་ཚེས་བཅོ་ལྔ་ཉིན་བར་ཐེན་ཅིན་དུ་རྟོག་ཞིབ་བྱས་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་བྱས།
ཚེས་བཅོ་ལྔ་ཉིན་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། ཁྱབ་ཁོངས་མི་འདྲ་བ་ནས་ཡོང་བའི་དམངས་ཆེན་འཐུས་མི་དང་། གྲོང་ཁྱེར། ཆུས། གྲོང་རྡལ་བཅས་ཀྱི་འགན་ཁུར་བློ་མཐུན་བརྒྱད་ཀྱིས་རེ་རེ་བཞིན་གཏམ་བཤད་པ་དང་། སོ་སོའི་འགན་སྒྲུབ་ལག་ལེན་དང་ཟུང་འབྲེལ་བྱས་ནས་བྱ་བའི་སྙན་ཞུའི་བསམ་འཆར་དང་གྲོས་གཞི་བཏོན། ཚང་མའི་བསམ་འཆར་ལ་ཉན་རྗེས་ཀྲའོ་ལི་ཅི་ཡིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་བའི་བྱ་བ་ནི་རྩ་ཁྲིམས་དང་ཁྲིམས་ལུགས་སྒྲིག་སྲོལ་གྱིས་གཏན་ཁེལ་བྱས་པའི་ལས་འགན་གལ་ཆེན་ཡིན་ལ། རང་རྟོགས་ངང་འཐུས་མིའི་ཚོགས་ཆེན་གྱི་ལྟ་སྐུལ་དང་ལེན་བྱེད་པ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་ལམ་ལུགས་བཀོད་སྒྲིག་ཡིན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྙན་ཞུའི་མ་ཟིན་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཞིང་ཆེན་དང་གྲོང་ཁྱེར། ཆུས་སོ་སོ་བཅས་ཀྱི་དམངས་ཆེན་གྱི་ཡིག་ངོས་བསམ་འཆར་ཐེངས་གཉིས་བསྡུ་ལེན་བྱས་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ལ་ཟུར་དུ་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའི་བསམ་འཆར་ལ་ཉན།
ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། འདས་པའི་ལོ་གཅིག་ནི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་སྒྲུབ་བྱས་པའི་ལོ་གཅིག་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་འོག་དམངས་ཆེན་འཐུས་མི་དང་ས་གནས་དམངས་ཆེན་གྱི་རྒྱབ་སྐྱོར་དང་གཞོགས་འདེགས་ལ་བརྟེན་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱུན་འཁྱོངས་བྱེད་ཞོར་སློབ་སྦྱོང་བྱེད་པ་དང་ལག་ལེན་བྱེད་པ། སྤྱི་སྡོམ་བྱས་ཏེ་བྱ་བ་སོ་སོའི་མགོ་ཡག་པོ་རྩོམ་པ་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་བ་དང་། དམངས་ཆེན་བྱ་བའི་སྒྲིག་སྲོལ་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་། ཏང་གི་དམངས་ཆེན་བྱ་བའི་ཐད་ཀྱི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་ལྷག་པར་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ནས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་བཏང་ནས་དམངས་ཆེན་བྱ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པར་འགན་སྲུང་བྱ་དགོས། དམངས་ཆེན་གྱི་འགན་ནུས་འགན་སྒྲུབ་ལ་རྐང་བཙུགས་ནས་དཀྱིལ་སྙིང་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་དམིགས་ནས་བརྟན་ཐོག་ཡར་འཕེལ་གྱིས་དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་པར་སྐུལ་འདེད་གཏོང་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་དང་གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ། རྟོག་དཔྱོད་ཞིབ་འཇུག་བྱེད་པ། དམངས་ཀྱི་འདོད་བློ་བསྡུ་ལེན་བྱེད་པ་དང་དམངས་ཀྱི་བློ་གྲོས་མཚོན་པའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་བཏང་ནས་དམངས་ཆེན་བྱ་བའི་དམངས་ཀྱི་འདོད་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། དངོས་ཐོག་བདེན་འཚོལ་དང་བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ་དང་། མ་ལག་འདུ་ཤེས་དང་ཡོངས་ཁྱབ་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས་རིམ་པ་སོ་སོའི་དམངས་ཆེན་གྱིས་ཕྱོགས་གཅིག་ཏུ་ཤུགས་འདོན་དགོས་ལ། དུས་རབས་གསར་བའི་དམངས་ཆེན་བྱ་བ་ལེགས་པར་བསྒྲུབ་དགོས།
ཀྲའོ་ལི་ཅི་ཞི་བདེ་ཆུས་ཞའོ་པེ་ཐོག་ཁང་སྲང་ལམ་གྱི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚུགས་དང་དམངས་ཆེན་འཐུས་མིའི་ཁྱིམ་དུ་སོང་ནས་རྟོག་ཞིབ་བྱས་པ་དང་། དམང་ཆེན་འཐུས་མི་དང་ཁྲིམས་ལུགས་བྱ་བ་སྒྲུབ་མཁན། སྲང་ལམ་གྱི་དམངས་ཆེན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་བརྗེ་རེས་ཟབ་མོ་བྱས། ཁོས་བསྟན་དོན། གོ་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་ནི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་འཕེལ་རྒྱས་སུ་འགྲོ་བའི་་ཀྲུང་གོའི་ཁྱད་ཆོས་ཅན་གྱི་དམངས་གཙོ་ཡིན་ལ། སྦྲེལ་ཐག་ཧྲིལ་བོ་དང་ཕྱོགས་ཡོངས། ཡོངས་ཁེབས་ངང་ཟབ་ཞུགས་བྱས་པར་བརྟེན་ནས་མི་དམངས་ཀྱི་རེ་འདོད་དང་བློ་གྲོས། སྟོབས་ཤུགས་བཅས་གཅིག་ཏུ་བསྡུས་ནས་ཚན་རིག་གི་ཇུས་ཆོད་དང་དམངས་གཙོའི་ཇུས་ཆོད་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་འབུར་ཐོན་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་དགོས། གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པ་དང་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་འོག དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་བྱས་ནས་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚུགས་དང་འཐུས་མིའི་ས་ཚུགས་བཟང་པོར་བསྐྲུན་ནས་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་བྱ་བར་དམངས་ཀྱི་འདོད་བློ་དང་དམངས་ཀྱི་བློ་གྲོས་འཛོམ་པར་བྱ་དགོས།
ཀྲའོ་ལི་ཅི་ད་དུང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་སུ་སོང་ནས་དམངས་ཆེན་ལས་བྱེད་པར་འཚམས་འདྲི་བྱས་པ་དང་། སྔོན་རྩིས་མཉམ་སྦྲེལ་དྲ་རྒྱའི་ལྟ་སྐུལ་དང་ཁྲིམས་སྲོལ་སྒྲིག་སྲོལ་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་གཞི་གྲངས་མཛོད་འཛུགས་སྐྲུན་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས།