ཞིང་ཆེན་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་གྲོས་ཚོགས་བསྡུས།
2024.01.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 66

ཟླ1ཚེས15ཉིན། ཞིང་ཆེན་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཚོགས་འདུ་ལས་བསྟན་དོན། འདས་པའི་ལོ་ངོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཏེ། ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་ཞུ། བདེན་སྲུང་གསར་གཏོད།  རང་འགུལ་ངང་བྱ་བ་བསྒྲུབས་པ་བཅས་བྱས་ནས། དྲིལ་བསྒྲགས་བསམ་བློ་རིག་གནས་བྱ་བར་གྲུབ་འབྲས་གསར་བ་བླངས། ད་ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བའི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་དམ་འཛིན་བྱེད་པ། རིག་གནས་ཀྱི་ལས་འགན་གསར་པ་འཁུར་བ། རང་འགུལ་ངང་བྱ་བ་སྒྲུབ་པ་དང་། གསར་གཏོད་བསམ་བློས་ཕྱུག་པ། སྤུས་ཚད་དང་མྱུར་ཚད་གཉིས་ཀ་མཐོར་འདེགས་གཏོང་བ། ནུས་ཤུགས་ཡོད་རྒུས་རིག་གནས་ལྔ་གསོ་སྐྱོང་དར་སྤེལ་བཏང་ནས། དྲིལ་བསྒྲགས་བསམ་བློ་རིག་གནས་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་དགོས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཡིད་ཆེས་དང་ཆོད་སེམས་ཆེ་རུ་གཏོང་བ་དང་། ཉེན་ཁ་དང་འཐབ་རྩོད་ལ་གདོང་གཏོད་པ། དགེ་སྤེལ་སྐྱོན་སྤང་ལ་དོ་སྣང་བྱེད་པ། གཞུང་ལུགས་ཀྱི་དྲག་ཆས་སྤྲས་རྒྱུ་གཙིགས་སུ་འཛིན་པ་དང་། གཙོ་རྒྱུན་གླེང་ཕྱོགས་ཀྱི་རྣམ་པ་གསར་བ་གཏོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏོང་བ།རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་དང་།  འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་། དྲ་རྒྱའི་ཆ་འཕྲིན་བྱ་བར་ཤུགས་བསྣན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་བསམ་བློའི་འགན་སྲུང་དྲག་པོ་དང་། བསམ་བློའི་སྟོབས་ཤུགས་ཆེན་པོ།  རིག་གནས་ཆ་རྐྱེན་ལེགས་ཤོས་བཅས་འདོན་སྤྲོད་བྱེད་དགོས། ཏང་གི་རིག་གནས་མགོ་ཁྲིད་དབང་ཆ་རྒྱུན་འཁྱོངས་དང་། ཞིང་ཆེན་ཏང་ཨུའི་ལས་བྱེད་པས་བྱ་བ་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ་བཅས་ཀྱི་བླང་བྱར་གཞིགས་ཏེ། བསམ་བློའི་དར་ཆ་སྒྲེང་ནས་ཆབ་སྲིད་འཆད་པ་དང་། བསམ་གཞིགས་ཞིབ་མོ་བཏང་ནས་གསར་གཏོད་བྱེད་པ། ནུས་པ་ཅན་གྱི་མི་བདམས་ནས་དཔུང་སྡེ་སྟོབས་ལྡན་ཅན་དུ་གཏོང་བ། བྱ་བར་འགན་འཁུར་བ་དང་། ཧུར་ཐག་འབད་ཐག་བྱེད་པ། མཚོ་སྔོན་གྱི་རིག་གནས་འཛུགས་སྐྲུན་གྱི་ལམ་བུ་གསར་བ་འབད་བརྩོན་ཆེན་པོས་འཚོལ་ཞིབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་ཐད་མཚོ་སྔོན་གྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

གྲོས་ཚོགས་སྟེང2020ལོ་ནས2023ལོའི་བར་གྱི་མཚོ་སྔོན་ཞིང་ཆེན་གྱི་དྲིལ་བསྒྲགས་བསམ་བློ་རིག་གནས་བྱ་བར་དམིགས་བསལ་བྱས་རྗེས་བཞག་པའི་ལས་ཁུངས་དང་སྔོན་ཐོན་སྡེ་ཁག མི་སྒེར་བཅས་ལ་གཟེངས་བསྟོད་བྱས།

ལྷ་མོ་འཚོས་བསྒྱུར།