ལིས་ཆང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཨ་མུའུ་ཧི་ཏི་ལ་གྲོས་མོལ་གནང་།
2024.01.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 91

ས་དེའི་དུས་ཚོད་ཟླ1ཚེས15ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པོ་ཨར་ཉིས་རུ། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཨ་མུའུ་ཧི་ཏི་དང་གྲོས་མོལ་གནང་། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཨུ་ཡོན། དཔལ་འབྱོར་དང་སློབ་གསོ་ཞིབ་འཇུག་པུའུ་ཡི་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཕཱ་མུའུ་ལན་གྲོས་མོལ་ཁྲོད་ཞུགས།

ལིས་ཆང་གིས་ཀྲུང་གོ་དང་སུའེ་ཙེར་བར་འབྲེལ་བ་བཙུགས་ནས་ལོ74འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ནས། “ཨང་དང་པོ”གང་མང་ཞིག་བསྐྲུན་ཡོད། 2016ལོར་ཀྲུའུ་ཞི་ཞི་ཅིན་ཕིང་དང་སུའེ་ཙེར་ཕྱོགས་ཀྱི་མགོ་ཁྲིད་པས་མཉམ་དུ། ཀྲུང་གོ་དང་སུའེ་ཙེར་བར་གསར་གཏོད་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་རྒྱུ་ཁྱབ་སྒྲོག་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་གལ་ཆེན་བྱས། ཀྲུང་གོ་ཕྱོགས་ཀྱིས་སུའེ་ཙེར་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་ནས། “འདྲ་མཉམ་དང་གསར་གཏོད། གཉིས་ཕན”བཅས་ཀྱི་ཀྲུང་གོ་དང་སུའེ་ཙེར་གྱི་མཉམ་ལས་སྙིང་སྟོབས་དར་སྤེལ་བཏང་སྟེ། ཕྱོགས་གཉིས་ཀའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། གཉིས་ཕན་མཉམ་ལས་ཐད་དངོས་སྒྲུབ་ཀྱི་གྲུབ་འབྲས་གང་མང་ཐོབ་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཞེས་གསུངས།

ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་སུའེ་ཙེར་བར་གྱི་མཐོ་རིམ་འགྲོ་འོང་མུ་མཐུད་ཇེ་དམ་དུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་སྲིད་གཞུང་བར་གྱི་གྲོས་མོལ་དང་མཉམ་ལས་ལམ་སྲོལ་གྱི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ། རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་འགྲོ་འོང་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀས་ཁེ་ཕན་གྱི་མཐུན་ཆ་སྔར་ལས་གང་མང་སྔོག་འདོན་བྱས་ནས། རང་མོས་ཚོང་དོན་དང་འགག་སྒོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ལྗང་མདོག་དང་དངུལ་རྩ། གཞི་གྲངས་དཔལ་འབྱོར་སོགས་མཉམ་ལས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་དང་སྟོབས་ལྡན་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། སུའེ་ཙེར་ཕྱོགས་ཀྱིས་མུ་མཐུད་དུ་སུའེ་ཙེར་རུ་དངུལ་གཏོང་བྱེད་ཀྱིན་པའི་ཀྲུང་གོའི་ཁེ་ལས་ལ་དཀྱེལ་ཡངས་དང་དྲང་བདེན། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའེ་ཙེར་ཕྱོགས་དང་མཉམ་དུ། རིག་དངོས་དང་སློབ་གསོ། ན་གཞོན། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཕྱོགས་གཉིས་ཀས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལམ་སྲོལ་ཁྲོད་ཀྱི་འབྲེལ་གཏུག་མཐུན་སྦྱོར་སྔར་ལས་ཇེ་དམ་དུ་གཏོང་བ་དང་། ཕན་ཚུན་སྦྲེལ་མཐུད་ཀྱི་རྨང་གཞིའི་སྒྲིག་ཆས་མ་རྩ་མཉམ་འདྲེས་དང་རྒྱལ་སྤྱིའི་འཕེལ་རྒྱས་རོགས་སྐྱོར། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱི་ཆེད་དུ་མཉམ་དུ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས།

ཨ་མུའུ་ཧི་ཏི་དང་ཕཱ་མུའུ་ལན་གྱིས་སུའེ་ཙེར་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁས་ལེན་སྔ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་པ་དང་། སུའེ་ཙེར་དང་ཀྲུང་གོའི་འབྲེལ་བར་ལོ་རྒྱུས་ཀྱི་རྒྱུན་རིང་ལ་ནང་དོན་ཕུན་སུམ་ཚོགས་པ་ལྡན། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཚོང་དོན་དང་དངུལ་གཏོང་མཉམ་ལས་ཀྱིས་རིམས་ནད་ཀྱི་འགོག་རྐྱེན་སེལ་ནས་སྔར་ལས་སྟོབས་ལྡན་དུ་གྱུར་ཡོད། སུའེ་ཙེར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། སྤུས་ཚད་མཐོ་བའི་ཕྱོགས་གཉིས་ཀྱི་གྲོས་མོལ་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ཚོང་དོན་དང་སློབ་གསོ། དངུལ་རྩ། ཚན་རྩལ། མི་གཞུང་རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། གནམ་གཤིས་འགྱུར་ལྡོག་དང་སྤྱི་པའི་འཕྲོད་བསྟེན། དྲ་རྒྱའི་བདེ་འཇགས་སོགས་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་བ། སུའེ་ཙེར་དང་ཀྲུང་གོའི་གསར་གཏོད་འཐབ་ཇུས་རོགས་རེས་འབྲེལ་བར་ལོ་གསར་བའི་ནང་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།