《བདེན་འཚོལ》དུས་དེབ་སྟེང་དུ་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།
2024.01.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 48

ཟླ1ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་གཉིས་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། ཁ་ཡིག་ལ《དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་དགོས》ཞེས་པ་སྤེལ།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གི་སྤྱིའི་ལམ་ཕྱོགས་དང་སྤྱིའི་སྲིད་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེས་རང་རྒྱལ་གྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་བྱེད་ནུས་གལ་ཆེན་བཏོན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་སྤྱི་དང་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་གང་ལེགས་བྱས་ནས། རྒྱལ་སྐྱོང་སྲིད་འཛིན་གྱི་འཐབ་ཇུས་མཐོ་ཚད་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བར་བརྟེན། གཞི་ནས་འཐབ་ཕྱོགས་གཅིག་གྱུར་ལ་མཐུན་སྒྲིལ་དང་འབད་འཐབ། གསར་གཏོད། གསོན་ཉམས་ལྡན་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན།

རྩོམ་ཡིག་ལས་བསྟན་དོན། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཆེ་ཤོས་ནི། ལག་ལེན་དངོས་ཀྱི་ཁྲོད་དུ་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་པར་བྱས་ནས། འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་ཐད་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དེ་ཡིན། མདོར་བསྡུས་ནས་བཤད་ན་གཤམ་གྱི་ཕྱོགས་བཅུ་གཉིས་ཡོད་དེ། གཅིག་ནས་ངེས་པར་དུ་འཐབ་ཕྱོགས་གཅིག་གྱུར་གྱི་གཅེས་ནོར་འདིའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས། གཉིས་ནས་མི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་ངེས་པར་དུ་ཐག་གཅོད་ཡག་པོ་བྱེད་དགོས། གསུམ་ནས་གཅིག་གྱུར་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ངེས་པར་དུ་ཐག་གཅོད་ཡང་དག་བྱེད་དགོས། བཞི་ནས་ངེས་པར་དུ་ཀྲུང་གོའི་རྣམ་པ་གསར་པའི་སྲིད་ཏང་ལམ་ལུགས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་དེ་སྔར་ལས་འཐུས་ཚང་གང་ལེགས་གཏོང་དགོས། ལྔ་ནས་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཏང་གི་མི་རིགས་ལས་དོན་གྱི་གཙོ་གནད་དུ་འཛིན་དགོས། དྲུག་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། བདུན་ནས་ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ཀྱི་རིམ་པ་གསར་པའི་མི་སྣ་རྣམས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་ངེས་པར་དུ་ལེགས་པར་བསྒྲུབ་དགོས། བརྒྱད་ནས་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་གཏོང་བ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་ཡོང་བར་ངེས་པར་དུ་སྐུལ་སྤེལ་གཏོང་དགོས། དགུ་ནས་ཞང་ཀང་དང་ཨའོ་མེན། ཐའེ་ཝན་བཅས་དང་ཕྱི་རྒྱལ་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱིས་མི་སེམས་འགུགས་ཐབས་བྱེད་པའི་ནུས་པ་ངེས་པར་དུ་འདོན་སྤེལ་བྱེད་དགོས། བཅུ་ནས་ངེས་པར་དུ་ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། བཅུ་གཅིག་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཆོས་ཉིད་ངེས་པར་ཁོང་དུ་ཆུད་པར་བྱེད་དགོས། བཅུ་གཉིས་ནས་ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པར་ངེས་པར་དུ་ཤུགས་སྣོན་རྒྱག་དགོས་པ་བཅས་ཡིན།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་ནི། ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་བརྒྱའི་འཕེལ་རྒྱས་ལོ་རྒྱུས་ཀྱི་ཤེས་རབ་ཀྱི་ཉིང་བཅུད་དང་། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རྩ་བའི་ཕྱོགས་སྟོན་ཡིན་པས། ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།