མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་རྒྱས་འཛོམས་གྲོས་ཚོགས་བསྡུས།
2024.01.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ1ཚེས12ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་རྒྱས་འཛོམས་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་གྲོས་གཞིར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་བལྟས་ན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་ནན་མོ་བྱས་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ཟབ་མོ་བྱས་ཏེ། 2023ལོའི་བྱ་བ་སྤྱི་སྡོམ་བྱས་པ་དང་། 2024ལོའི་ལས་འགན་བཀོད་སྒྲིག་བྱས་ཤིང་། ད་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་རྩིས་དམིགས་འབེན་དང་གཙོ་གནད་བྱ་བ་གཏན་ཁེལ་གསལ་བོ་བྱས་ལ། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་གོ་དོན་ཟབ་མོ་གསལ་བཤད་བྱས་པ་དང་། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་སྤེལ་གཏོང་བའི་དུས་རབས་ཀྱི་འབོད་སྐུལ་བཏང་ལ། རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་བྱེད་པའི་རྣམ་འགྱུར་གསལ་བོ་མངོན་པར་བྱས་ཤིང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་གསར་སྤེལ་གསར་གཏོད་དང་ཞུམ་མེད་མདུན་སྐྱོད་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ཟབ་མོ་བྱེད་རྒྱུ་དེ། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱེད་པ་དང་འབད་འཐབ་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས། སློབ་སྦྱོང་ནན་མོ་བྱེད་པ་དང་རྒྱུས་ལོན་གསལ་བོ་བྱེད་པའི་སྟེང་ཤུགས་འདོན་དགོས། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། འགན་འཁྲི་ལག་བསྟར་བྱེད་པའི་ཐད་ནས་ཕན་འབྲས་བརྩོན་ལེན་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་པའི་དམིགས་འབེན་ལས་འགན་དང་གཙོ་གནད་བྱ་བ་ལྟར། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་སོགས་ཀྱི་གཙོ་གནད་དང་དཀའ་གནད་གཙིགས་སུ་འཛིན་པ། གྲོས་མོལ་གྲོས་དོན་འཐུས་ཚང་དུ་གཏོང་བ་དང་ཁ་གསབ་བྱེད་པ། ཇུས་འགོད་བྱེད་པ། རྟོག་ཞིབ་ནན་ཏན་སྒོས་སྤེལ་བ། བློ་འདོན་ཇུས་འབུལ་བྱེད་པ། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་ཏེ། ཆུ་ཚད་མཐོ་བའི་འགན་སྒྲུབ་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་དགོས། ལག་བསྟར་དངོས་གཉེར་བྱེད་པའི་ཐད་ནས་གྲུབ་འབྲས་བརྩོན་ལེན་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་རེ་བ་ལག་བསྟར་བཟང་བོ་བྱེད་པ་དང་། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བྱེད་པ། མཚོ་སྔོན་དར་སྤེལ་གཏོང་བའི་ཁག་ཁུར་དངོས་གཉེར་གྱི་ནུས་པ་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

ཚོགས་ཐོག་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་འཆར་ཟིན་དང་གྲོས་འདོན་སྙན་ཞུ་འཆར་ཟིན་གྱི་མ་ཟིན་འགོད་པའི་གསལ་བཤད་དང་སྙན་ཞུ་འབུལ་མཁན་གྱི་གྲོས་གཞིའི་མིང་ཐོར་ཉན་ལ། ལོ་ཧྲིལ་བོའི་གྲོས་མོལ་འཆར་གཞི་གཙོ་བོ་དང་འབྲེལ་ཡོད་མི་དོན་གྱི་དོ་དམ་བྱེད་ཐབས་སོགས་ལམ་ལུགས་རང་བཞིན་གྱི་ཡིག་ཆར་གྲོས་ཞིབ་བྱས།

ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཀྲིན་ཁྲང་། མཱ་ཧྥིན་ཧྲིན། ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་། ཕིན་ཡིའུ་ཏུང་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།