ལིས་ཆང་གིས་ཨུར་ལན་གྱི་ཙུང་ཐུང་ཞི་ཅིན་སི་ལ་མཇལ་འཕྲད་གནང་།
2024.01.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ས་དེའི་དུས་ཚོད་ཟླ1ཚེས17ཉིན་གྱི་སྔ་དྲོར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཏུའུ་པོ་ལིན་ཙུང་ཐུང་བཞུགས་ཤག་ནས་ཨུར་ལན་གྱི་ཙུང་ཐུང་ཞི་ཅིན་སི་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན།  ཀྲུང་གོ་དང་ཨུར་ལན་བར་རྒྱང་ཐག་རིང་ཞིང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་བར་ཁྱད་ཡོད་ནའང་།  རྒྱལ་ཁབ་གཉིས་ཀྱི་བར་མཛའ་མཐུན་ལོ་རྒྱུས་ཡུན་རིང་ལྡན་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གཅིག་མཐུན་ཆེན་པོ་བྱུང་ཡོད།   ཉེ་བའི་ལོ་འགའི་རིང་ལ།   ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ཨུར་ལན་གྱི་འབྲེལ་བ་བརྟན་འཇགས་བདེ་ཐང་སྒོས་འཕེལ་རྒྱས་བྱུང་བ་དང་དངོས་གཉེར་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ།   ཀྲུང་གོ་ཕྱོགས་ཀྱིས་ཨུར་ལན་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ།    ད་ལོར་ཀྲུང་གོ་དང་ཨུར་ལན་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་འཁོར་བ་གོ་སྐབས་སུ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་སྔར་ལས་དོན་འཁྱོལ་བྱེད་པ་དང་རྒྱལ་ཁབ་གཉིས་བར་གྱི་རྒྱུས་ལོན་དང་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ།   ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་པའི་གནད་དོན་ལ་བརྩི་འཇོག་གང་ལེགས་བྱེད་པ།   ཁྱབ་ཁོངས་སོ་སོའི་མཉམ་ལས་ཆུ་ཚད་དང་དངོས་ཕན་མཐོར་འདེགས་བཏང་སྟེ་ཀྲུང་གོ་དང་ཨུར་ལན་གཉིས་ཀྱི་གཉིས་ཕན་འཐབ་ཇུས་མཉམ་ལས་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད།

ལིས་ཆང་གིས་བསྟན་དོན།    ཀྲུང་གོ་དང་ཨུར་ལན་གཉིས་བར་གཉིས་ཕན་མཉམ་ལས་ཀྱི་མདུན་ལམ་ཆེན་པོ་ཡོད།   ཀྲུང་གོ་ཕྱོགས་ཀྱིས་ཨུར་ལན་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དངུལ་གཏོང་དང་ལྗང་མདོག་འཕེལ་རྒྱས།   ཚན་རྩལ་གསར་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ།   སློབ་གསོ་དང་རིག་གནས་སོགས་མི་གཞུང་བརྗེ་རེས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཕན་ཚུན་འགྲོ་འོང་བྱེད་པར་སྔར་ལས་སྟབས་བདེ་བསྐྲུན་འདོད་ཡོད། ཕྱོགས་གཉིས་ཀྱིས་རང་མོས་སྒོ་འབྱེད་ཀྱི་རྒྱལ་སྤྱིའི་ཉོ་ཚོང་མ་ལག་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་པ་དང་།   འཛམ་གླིང་ཧྲིལ་བོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གཏན་འཇགས་གེགས་མེད་ཡོང་བར་སྲུང་སྐྱོབ་བྱེད་པ།  ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ།   གྲོས་མོལ་ལ་བརྟེན་ནས་མི་མཐུན་པའི་ཆ་སེལ་བ། མཉམ་ལས་ལ་བརྟེན་ནས་འགལ་རྩོད་ཐག་གཅོད་པ།  འཛམ་གླིང་བཅོས་སྐྱོང་འཐུས་ཚང་དུ་འགྲོ་བར་སྐུལ་འདེད་གཏོང་བ།   ཐུན་མོང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་བཅས་བྱས་ཏེ་སྣེ་མང་རྙོག་འཛིང་གི་འཛམ་གླིང་ལ་སྔར་ལས་མང་པོའི་གཏན་འཇགས་རང་བཞིན་དང་དྲང་ནུས་སྩོལ་དགོས།

ཞི་ཅིན་སི་ཡིས་བསྟན་དོན།  ཨུར་ལན་དང་ཀྲུང་གོའི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཡོད་པ་དང་།  ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་བརྩི་འཇོག་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད།   ཨུར་ལན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཛའ་མཐུན་བརྗེ་རེས་ལ་ཤུགས་སྣོན་པ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ།   གནམ་གཤིས་འགྱུར་ལྡོག་དང་འབྲུ་རིགས་བདེ་འཇགས།   རྒྱུན་མཐུད་འཕེལ་རྒྱས་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་བ།   རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཨུར་ལན་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ལྷ་མོ་ཚེ་རིང་གིས་བསྒྱུར།